ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། ཧྥུན་ལན་གྱི་མཉམ་འབྲེལ་སྲིད་གཞུང་གསར་བའི་སྲིད་ཏང་བཞིའི་ཏང་གཙོས་ཧྥུན་ལན་གྱི་ཧི་ཨར་ཞིན་ཅི་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ནས། སྲིད་འཛིན་རྩ་འཛིན་ཁྱབ་བསྒྲགས་བྱས།
ཧྥུན་ལན་མི་རིགས་མཉམ་འབྲེལ་ཏང་སོགས་སྲིད་ཏང་བཞི་ཡིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་ཐད་གཅིག་གྱུར་གྲོས་འཆམ་བྱུང་བ་དང་། ཚེས་བཅུ་དྲུག་ཉིན་སྲིད་གཞུང་གསར་བའི་སྲིད་འཛིན་རྩ་འཛིན་དང་སྲིད་འཛིན་ལས་ཁུངས་ཀྱི་ལས་འགན་བགོ་བཤའི་ཇུས་གཞི་ཁྱབ་བསྒྲགས་བྱས།
ཧྥུན་ལན་གྱི་མཉམ་འབྲེལ་སྲིད་གཞུང་གསར་བ་དེ་མི་རིགས་མཉམ་འབྲེལ་ཏང་དང་ཧྥུན་ཏང་མིའི་ཏང་། སུའེ་ཙེར་རིགས་ཀྱི་མི་དམངས་ཏང་། ཡེ་ཤུའི་ཆོས་ལུགས་དམངས་གཙོ་ཏང་བཅས་ཀྱིས་གྲུབ་ཡོད། སྲིད་གཞུང་གསར་བས་ཉིན་དེར་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། སྲིད་འཛིན་དམིགས་འབེན་ནི་སྟོབས་དང་ལྡན་ཞིང་འགྱུར་བ་མེད་པའི་ཧྥུན་ལན་ཞིག་དང་། འཁོར་སྐྱོད་བཟང་ཞིང་བདེ་འཇགས་དང་དྲང་བདེན་ཡིན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ཟེར། སྲིད་གཞུང་གིས་ཧྥུན་ལན་གྱི་སྤྱི་བའི་ནོར་སྲིད་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་པར་འགན་སྲུང་བྱེད་རྒྱུ་མ་ཟད། ཉིས་སྟོང་སོ་གཅིག་ལོའི་སྔོན་ལ་དཔལ་འབྱོར་གཏན་འཇགས་ཡོང་བ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།
སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། སྲིད་གཞུང་གསར་བས་ཉིས་སྟོང་སུམ་ཅུ་ལོའི་བར་ཧྥུན་ལན་གྱི་ཞིབ་འཇུག་གསར་སྤེལ་ཐད་ཀྱི་དངུལ་གཏོང་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་བཞིར་ཇེ་མང་དུ་གཏོང་རྒྱུ་ཁས་ལེན་བྱས་ཡོད་པ་དང་། སྲིད་གཞུང་གསར་བས་ད་རུང་དྲོད་རླངས་ཉུང་འདོན་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་པ་དང་། དག་གཙང་གི་གློག་ཤུགས་ཐོན་ཚད་ལྡབ་གཅིག་འཕར་བར་བྱས་ཏེ། ཧྥུན་ལན་གྱི་ཡང་བསྐྱར་ཐོན་སྐྱེད་བྱས་ཆོག་པའི་ལས་རིགས་ཀྱི་དངུལ་གཏོང་ཁྱབ་ཁོངས་ཀྱི་འགྲན་རྩོད་ནུས་པ་དང་འགུག་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་ཡིན།
སྲིད་འཛིན་ལས་ཁུངས་ཀྱི་ལས་འགན་བགོ་བཤའི་ཇུས་གཞི་ལྟར་ན། སྲིད་གཞུང་གསར་བར་ཙུང་ལི་དང་པུའུ་ཀྲང་བརྒྱད་ཡོད་པ་དང་། དེའི་ནང་མི་རིགས་མཉམ་འབྲེལ་ཏང་ལ་ཙུང་ལི་དང་ཕྱི་འབྲེལ་བློན་ཆེན་སོགས་ཀྱི་ལས་གནས་བརྒྱད་ཐོབ་ཡོད་པ་དང་། ཧྥུན་ལན་པའི་ཏང་ལ་ནོར་སྲིད་བློན་ཆེན་དང་འཕེལ་རྒྱས་མཉམ་ལས་དང་ཕྱི་ཕྱོགས་ཉོ་ཚོང་གི་བློན་ཆེན་སོགས་ལས་གནས་བདུན་ཐོབ་ཡོད་ལ། སུའེ་ཏེན་རིགས་ཀྱི་མི་དམངས་ཏང་དང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་ཏང་ལ་དེའ་འཕྲོས་ཀྱི་པུའུ་ཀྲང་བཞིའི་ལས་གནས་ཐོབ་ཡོད།
ད་ལོའི་ཟླ་བཞི་བའི་ཚེས་གཉིས་ཉིན་སྤེལ་བའི་ཧྥུན་ལན་གྲོས་ཁང་གི་འདེམ་བསྐོའི་ཁྲོད་དུ། མི་རིགས་མཉམ་འབྲེལ་ཏང་ལ་རྒྱལ་ཁ་ཐོབ་པ་དང་། གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་གྱུར། རྒྱུན་སྲོལ་ལྟར་ན་ཏང་ཁག་དེའི་ཀྲུའུ་ཞི་ཨོ་ཨར་པའོ་ཡིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གྲོས་མོལ་ལ་འགན་ཁུར་དགོས་པར་མ་ཟད། སྐབས་གསར་བའི་ཙུང་ལིའི་འགན་ཁུར་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།