ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧི་སེ་ཡུན་གྱིས་ཚེས་བཅུ་བདུན་ཉིན་བསྟན་དོན། ཁཱ་ལོ་ཐི་གློག་འདོན་ས་ཚིགས་ཀྱི་ལས་གཞི་ནི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་ལྷད་མེད་འཕེལ་རྒྱས་ཀྱི་ཚད་ལྡན་ལས་གཞི་ཡིན་ལ། ཕན་ནུས་ལྡན་པའི་སྒོ་ནས་ས་དེའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཁཱ་ལོ་ཐི་ཆུ་གློག་ས་ཚིགས་ཀྱི་ལས་གཞིས་ཚེས་བཅུ་བདུན་ཉིན་མང་ཚོགས་ལ་སྒོ་འབྱེད་བྱེད་པའི་བྱ་འགུལ་སྤེལ། ཧི་སེ་ཡུན་གྱིས་བྱ་འགུལ་དེའི་ཡུལ་དངོས་ནས་ཀྲུང་གོའི་སྨྱན་བྱད་ཀྱི་མཉམ་འབྲེལ་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁཱ་ལོ་ཐི་གློག་འདོན་ས་ཚིགས་ནི་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་དཔེ་གཞི་བཟང་བོ་ཞིག་ཡིན་པ་དང་། ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས། ནུས་ཁུངས་བདེ་འཇགས་བཅས་ལ་འགྱུར་ལྡོག་ཆེན་པོ་འབྱུང་དུ་བཅུག་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ད་རུང་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་གང་ལེགས་བྱས་ཏེ། སྨན་ཁང་དང་སློབ་གྲྭ་སོགས་དམངས་འཚོའི་སྒྲིག་ཆས་གསར་འཛུགས་བྱས་ནས་ས་དེའི་མང་ཚོགས་ལ་ཕན་བདེ་བསྐྲུན་ཡོད་ཟེར།
ཧི་སེ་ཡུན་གྱིས་བསྟན་དོན། ད་ལོ་ནི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་བཏོན་ནས་ལོ་ངོ་བཅུ་འགོར་བའི་ལོ་ཡིན་པ་དང་། གྲོས་གཞི་དེས་མཉམ་ལས་མཉམ་རྒྱལ་དང་གཅིག་འབྲེལ་གཅིག་བརྟེན་བྱེད་པའི་རེ་བ་བཏོན་ཡོད་ལ། ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་དང་སློབ་གསོ། ཁོར་ཡུག་སོགས་ཕྱོགས་སོ་སོར་ཁེ་ཕན་ཐོབ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།