ཨ་ཧྥེ་རི་ཁ་གླིང་གི་འཐུས་ཚབ་ཚོགས་པས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བཏང་།
2023.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཨ་ཧྥེ་རི་ཁ་ལྷོ་མ་སོགས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ཆེད་མངག་ཕོ་ཉས་གྲུབ་པའི་ཞི་བའི་འཐུས་ཚབ་ཚོགས་པས་ཉེ་སྔོན་ཨུ་རུ་སི་དང་ཝུའུ་ཁི་ལན་ལ་འཚམས་འདྲི་བྱས་ཏེ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་བཅས་པའི་ཕྱོགས་སོ་སོའི་མི་སྣས་བལྟས་ན། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་དག་གིས་ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་དང་ཁག་ཁུར་མངོན་པར་བྱས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འབྲེལ་ཡོད་གནད་དོན་གྱི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཁོས་ནམ་རྒྱུན་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ལ་སྐུལ་མ་གཏོང་བཞིན་ཡོད་པ་དང་། ཐེངས་འདིའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་འཐུས་ཚབ་ཚོགས་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འགྲུལ་བཞུད་དེ་ནི་འབྲེལ་ཡོད་རྒྱལ་ཁབ་ཀྱི་རེ་འདུན་བཟང་བོ་རྨང་གཞིར་བྱས་པའི་གྲོས་གཞི་གལ་ཆེན་ཞིག་ཡིན་ཟེར། དེ་ལས་གཞན་ཀུའུ་ཐི་ལོས་སི་ཡི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་ཨུ་རུ་སི་དང་ཝུའུ་ཁི་ལན་བར་དུ་ཞི་བདེ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་པར་དགའ་བསུ་ཞུས།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཝུའུ་ཁི་ལན་དུ་ལམ་ལ་མ་ཆས་གོང་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་མི་སྣར་ཤི་རྨས་དང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ནས་གནས་བབ་ཛ་དྲག་ཏུ་གྱུར་ཡོད་ལ། དེའི་མཇུག་འབྲས་ཀྱིས་རྒྱལ་ཁབ་མང་བོར་ཤུགས་རྐྱེན་ཐེབས་བཞིན་ཡོད། ཐེངས་འདིར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པའི་ཝུའུ་ཁི་ལན་གྱི་འགྲུལ་བཞུད་ལས་འཁྲུག་རྩོད་ཇི་ལྟར་ཐག་གཅོད་བྱེད་པའི་ཐས་ཨ་ཧྥེ་རི་ཁ་གླིང་གི་བསམ་ཚུལ་སྟོན་རྒྱུ་ཡིན་པ་དང་། བཏོན་པའི་ཞི་བདེའི་གྲོས་གཞི་དེ་ནི་ཕྱོགས་སོ་སོས་བཏོན་པའི་གྲོས་གཞིའི་ཁ་གསབ་ཡིན་ཟེར།

ཙམ་པུ་ཡཱའི་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་ཨ་ཧྥེ་རི་ཁ་ལྷོ་མའི་འཛུགས་སྐྲུན་རང་བཞིན་གྱི་རྩོད་གླེང་ཐག་གཅོད་ལྟེ་གནས་ཀྱི་ལག་བསྟར་ཀྲའུ་རིན་ཆན་པེ་ཡིས་བསྟན་དོན། འཛམ་གླིང་ཧྲིལ་བོས་ཞི་བདེ་མཉམ་གནས་ཀྱི་རྨང་གཞིའི་སྟེང་ད་གཟོད་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་ཐུབ་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱས་པ་དང་། ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པར་དགའ་བསུ་ཞུ་བཞིན་ཡོད། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་ཐེངས་འདིའི་འཐུས་ཚབ་ཚོགས་པའི་ཞི་བའི་གྲོས་མོལ་གྱི་སྐུལ་འདེད་དེ་ཡང་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གྲོས་གཞི་འདོན་པར་དོན་སྙིང་གལ་ཆེན་ལྡན་ཟེར།

ཝུ་ཀན་ཏཱའི་ཙུང་ཐུང་གི་ཆབ་སྲིད་ལས་དོན་གྱི་མི་སྒེར་དྲུང་ཡིག་ཨོ་ཐུའུ་ཁི་ཡིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ལས་གྲོ་དང་འབར་རྫས། རྡོ་སྣུམ་གྱི་ཞོར་ཐོན་ཐོན་རྫས་ཀྱི་རིན་གོང་ཇེ་མཐོར་སོང་བ་དང་། ཨ་ཧྥེ་རི་ཁ་གླིང་ས་ཁུལ་གཞན་པའི་རྒྱལ་ཁབ་ལའང་ཐད་ཀར་རམ་བརྒྱུད་པའི་ཤུགས་རྐྱེན་ཐེབས་ཡོད། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ནི་འཛམ་གླིང་ཞི་བདེའི་ཁེ་ཕན་ལ་འབྲེལ་བའི་ཕྱོགས་ཡིན་པ་དང་། འཛམ་གླིང་གི་ཞི་བདེ་དང་མཐུན་སྒྲིལ་བྱས་རྗེས་འཇོག་པ་དང་ཨུ་རུ་སི་དང་ཝུའུ་ཁི་ལན་བར་ཞི་བདེ་མངོན་འགྱུར་བྱེད་པའི་འགན་འཁྲི་དང་འོས་འགན་ཡོད། དུས་ཡུན་རིང་བོའི་ཚུན་ལ། ཨ་ཧྥེ་རི་ཁ་ས་ཁུལ་ལ་འཐབ་འཁྲུག་དང་འཁྲུག་རྩོད་སྣ་ཚོགས་ཀྱི་དཀའ་སྡུག་ཐེབས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཐད་ཀར་རམ་བརྒྱུད་པའི་སྒོ་ནས་ས་ཁུལ་འདིའི་རྒྱལ་ཁབ་མང་བོའི་འཁྲུག་རྩོད་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད། དེ་ལས་ཨ་ཧྥེ་རི་ཁ་གླིང་ནི་ཞི་བདེའི་སྐུལ་འདེད་མཁན་ཡིན་ལ། དེ་འདྲའི་ནུས་པ་ཡོད་པའང་གསལ་བཤད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།