ཀྲུང་གོས་ཨེ་ཅིབ་ལ་རོགས་སྐྱོར་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་དངོས་རྫས་བརྒྱུད་སྤྲོད་བྱས།
2023.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཨེ་ཅིབ་ཀྱི་ཁོར་ཡུག་པུའུ་ལ་རོགས་སྐྱོར་བྱས་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་དངོས་རྫས་བརྒྱུད་སྤྲོད་ཡི་གེའི་མིང་འགོད་མཛད་སྒོ་ཚེས་བཅོ་བརྒྱད་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་བསྡུས།

ཨེ་ཅིབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལེའོ་ལི་ཆང་གིས་ཞུ་ཚིག་ཁྲོད་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་མཉམ་ལས་ལས་ཀྲུང་གོ་དང་ཨེ་ཅིབ་ཀྱི་མཛའ་མཐུན་འབྲེལ་བའི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མངོན་པར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ལ་རོགས་སྐྱོར་བྱེད་པའི་ཉི་འོད་ནུས་པའི་ལམ་སྒྲོན་དང་ནུས་གྲོན་གློག་སྒྲོན། ཁྱིམ་ཚང་གི་ཉི་འོད་ནུས་པའི་གློག་འདོན་མ་ལག ནུས་གྲོན་མཁའ་དབུགས་སྙོམས་སྒྲིག་སོགས་ཀྱི་དངོས་རྫས་ཀྱི་རོགས་སྐྱོར་བྱས་ཡོད་པ་དང་། དེ་ཨེ་ཅིབ་དང་ནུས་ཁུངས་འཛད་སྤྱོད་བྱེད་ཐབས་ཀྱི་ཐན་ཉུང་རིམ་འཕར་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། དེ་ལས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་མང་བོའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཟབ་མོར་རྒྱས་འགྲེལ་གང་ལེགས་བྱས་ཡོད་པ་དང་། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་ལྷད་མེད་ཐན་ཉུང་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད་ཟེར།

ཨེ་ཅིབ་ཀྱི་ཁོར་ཡུག་པུའུ་ཡི་ཁོར་ཡུག་ལས་དོན་ཁང་གི་དབུ་བཞུགས་ལག་བསྟར་དཔོན་པོ་སེ་ནཱ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་ཀྲུང་གོས་ཨེ་ཅིབ་ལ་རོགས་སྐྱོར་བྱེད་པའི་དངོས་རྫས་དག་ཧ་ཅང་གལ་ཆེན་ཡིན་པ་དང་། ཨེ་ཅིབ་ཀྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཇེ་ཉུང་དུ་བཏང་ནས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པར་རོགས་རམ་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།