སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ལོ་ངོ་བདུན་རིང་ཐོག་དང་པོར་དབྱི་ལིང་དུ་འཚམས་འདྲི་བྱས།
2023.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས་བཅུ་བདུན་ཉིན་དབྱི་ལིང་དུ་ལོ་ངོ་བདུན་རིང་ཐོག་དང་པོར་འཚམས་འདྲི་བྱས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་གཉིས་ཀྱིས་སོ་སོར་ཧྥེ་སཱ་ཨར་དང་གྲོས་མོལ་བྱས།

ཧྥེ་སཱ་ཨར་དང་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དང་། ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཡོད་ཟེར། ཁོས་སོ་ཏི་ཨ་རབ་ཀྱིས་སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གཞུང་ཚབ་ཁང་གི་སྒོ་ཡང་བསྐྱར་འབྱེད་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཧྥེ་སཱ་ཨར་གྱིས་བསྟན་དོན། དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ཉེ་སྔོན་ཡང་བསྐྱར་སྒོ་འབྱེད་བྱས་པ་དང་བསྟུན་ནས། ཕྱོགས་གཉིས་ཀྱི་ཕྱི་འབྲེལ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་ཟེར།

དབྱི་ལིང་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཙུང་ཐུང་ལའེ་ཞེ་ཡིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་ཧྥེ་སཱ་ཨར་ལ་ཐུག་འཕྲད་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་་ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ལའེ་ཞེ་ཡིས་ཐུག་འཕྲད་བྱེད་སྐབས་བསྟན་དོན། འཇིགས་སྐུལ་རིང་ལུགས་དང་ཐལ་སྤྱོད་རིང་ལུགས་ལ་ཆམ་ཕབ་གཏོང་བ་ནི་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ་ཡིན་ཟེར།

ཧྥེ་སཱ་ཨར་གྱིས་ལའེ་ཞེ་ལ་སོ་ཏི་ཨ་རབ་ཀྱི་རྒྱལ་བོ་སཱ་ལེ་མན་དང་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་རྣམ་གཉིས་ཀྱིས་འཚམས་འདྲི་བྱེད་པ་བརྒྱུད་སྒྲོག་བྱས་པ་དང་། ལའེ་ཞེ་ཡིས་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་པར་གདན་ཞུ་བྱས། ཧྥེ་སཱ་ཨར་གྱིས་བཤད་རྒྱུར། སཱ་ལེ་མན་གྱིས་བཀའ་རྒྱ་བཏང་ནས་བྱ་བའི་ཚན་ཆུང་མི་འདྲ་བ་བཙུགས་ནས་དབྱི་ལིང་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་དགོས་པའི་རེ་བ་བཏོན་ཡོད། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོར་འདེགས་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་གྲོས་རིམ་ནང་བཞག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།