སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཡང་བསྐྱར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།
2023.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་འཐུས་མིས་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་ནས་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་བྱ་བ་དེ་ཁཱ་ཐུའུ་མུའུ་ཡི་དུས་ཚོད་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ནས་མགོ་རྩོམ་རྒྱུ་རེད།

སོ་ཏི་ཨ་རབ་ཀྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏན་འཁྲུག་རྩོད་བར་འདུམ་བྱེད་མཁན་སོ་ཏི་ཨ་རབ་དང་ཨ་མེ་རི་ཁས་ཚེས་བཅུ་བདུན་ཉིན་གྲོས་མཐུན་གྱི་ནང་དོན་ཁྱབ་བསྒྲགས་བྱས་པ་དང་། གྲོས་མཐུན་དེ་ལྟར་ན། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་དུས་ཡུན་ནང་སུའུ་ཏན་མངའ་ཁོངས་ཀྱི་དམག་དོན་འགུལ་སྐྱོད་ཡོད་ཚད་མཚམས་འཇོག་པ་དང་། སུའུ་ཏན་མངའ་ཁོངས་ཀྱི་མི་སྣའི་འཁོར་རྒྱུག་དང་མི་ཆོས་རིང་ལུགས་ཀྱི་དངོས་རྫས་སྐྱེལ་འདྲེན་བྱེད་པའི་རོགས་སྐྱོར་བྱ་འགུལ་སྤེལ་བར་ཆོག་མཆན་འགོད་པར་ཡིད་འཐད་བྱུང་ཡོད།

སོ་ཏི་ཨ་རབ་དང་ཨ་མེ་རི་ཁས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཟོལ་མེད་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་། གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་འཁྲུག་རྩོད་ཕྱོགས་ཁག་གཉིས་གྲོས་མཐུན་དང་འགལ་ན། བར་འདུམ་ཕྱོགས་ཀྱིས་ཅི་ཏཱ་ནས་སྤེལ་བའི་འཁྲུག་རྩོད་ཕྱོགས་ཁག་བར་གྱི་གྲོས་མོལ་རྗེས་སུ་སྣུར་བར་བསམ་བློ་གཏོང་ངེས་ཡིན་ཟེར།

སུའུ་ཏན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ཡི་ལྷོ་ཕྱོགས་ས་ཁུལ་དུ་ཉིན་དེར་བར་སྣང་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཅུ་བདུན་བར་སྣང་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཁཱ་ཐུའུ་མུའུ་ལྷོ་ཕྱོགས་ས་ཁུལ་དུ་འགས་གཏོར་མང་དུ་བཏང་བ་དང་། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མཁའ་སྲུང་མེ་སྒྱོགས་བཀོལ་ནས་རྒོལ་ལན་སྤྲད་ཡོད་ཟེར།

ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་བར་དུ་དྲག་ཆས་འཁྲུག་རྩོད་བྱུང་། དྲག་ཆས་འཁྲུག་རྩོད་དེ་ཐོག་མར་ཁཱ་ཐུའུ་མུའུ་ལྷོ་འདབས་ས་ཁུལ་ནས་བྱུང་བ་དང་། རྗེས་སུ་ཁཱ་ཐུའུ་མུའུ་མཁར་གྲོང་ཧྲིལ་བོ་དང་མངའ་སྡེ་གཞན་པར་རྒྱ་ཡན་དུ་སོང་བ་རེད། འཁྲུག་རྩོད་ཕྱོགས་ཁག་གཉིས་བར་རྒྱལ་སྤྱིའི་བར་འདུམ་བྱས་པ་བརྒྱུད་ཐེངས་འགར་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་ཀྱང་། དངོས་འབེབས་བྱེད་ཐུབ་མེད།

རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་སུའུ་ཏན་གྱི་མི་ས་ཡ་གཉིས་ཡུལ་འཁྱམས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་འབུམ་བཞི་དང་ཁྲི་བདུན་སྟོང་དྲུག་ཙམ་ཨེ་ཅིབ་དང་བཅས་པའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་གྲོས་ནས་ཉེན་ཡོལ་བྱེད་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།