ཨིག་ལཱའི་བསྒྲགས་གཏམ་དང་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་པའི་ཐུན་མོང་རེ་འདུན་གཞིར་བཟུང་སྟེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁཱ་ཐར་གྱིས་ཁྱབ་བསྒྲགས་བྱས་དོན། ཚེས་བཅུ་དགུ་ཉིན་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་ཕ་རོལ་བའི་རྒྱལ་ཁབ་ཏུ་སྡོད་པའི་ཕྱི་འབྲེལ་འཐུས་མིའི་ལས་ཁུངས་སླར་གསོ་བྱེད་རྒྱུ་ཡིན་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཚེས་བཅུ་དགུ་ཉིན་ཁྱབ་བསྒྲགས་བྱས་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁཱ་ཐར་གྱིས་ཕ་རོལ་བའི་རྒྱལ་ཁབ་ཏུ་སྡོད་པའི་ཕྱི་འབྲེལ་འཐུས་མིའི་ལས་ཁུངས་ཏེ། ཏའོ་ཧཱ་རུ་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དང་ཨ་པུའུ་ཀྲ་པུས་ནས་སྡོད་པའི་ཁཱ་ཐར་གྱི་གཞུང་ཚབ་ཁང་། དེ་མིན་ཏིས་པེད་ན་ཡོད་པའི་གཞུང་ཚབ་ཁང་བཅས་སླར་གསོ་བྱེད་རྒྱུ་ཐག་བཅད་ཡོད་ལ། ཆོད་དོན་དེ་ཉིས་སྟོང་ཉེར་གསུམ་ལོའི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་ནས་བཟུང་ནུས་ལྡན་དུ་འགྱུར་ངེས་ཡིན་ཟེར།
ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་གྱི་འཕྲིན་གཏོང་ཁང་དང་ཁཱ་ཐར་འཕྲིན་གཏོང་ཁང་གཉིས་ཀྱིས་བསྒྲགས་པ་ལྟར་ན། ཆོད་དོན་དེ་ལས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རིམ་པའི་རེ་འདུན་མངོན་པར་མཚོན་ཡོད་པ་དང་། ཨ་རབ་ཐུན་མོང་འགུལ་སྐྱོད་ཀྱི་འཕེལ་རིམ་སྲ་བརྟན་དུ་བཏང་ཡོད་ལ། སྤུན་ཟླའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རེ་འདུན་མངོན་འགྱུར་བྱེད་པའི་ཆེད་དུའང་ཡིན་ཟེར།
ས་ཁུལ་གྱི་དབྱེ་ཞིབ་མི་སྣས་བལྟས་ན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཁཱ་ཐར་གྱིས་ཕ་རོལ་བར་སྡོད་པའི་ཕྱི་འབྲེལ་འཐུས་མིའི་ལས་ཁུངས་སླར་གསོ་བྱེད་རྒྱུ་ཐག་བཅད་པ་དེས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་རྒྱུན་ལྡན་ཅན་དུ་གྱུར་ནས་མཉམ་ལས་བྱེད་པ་མཚོན་ཡོད་ལ། བྱ་སྤྱོད་དེས་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་དང་དཔལ་འབྱོར། མི་གཞུང་བཅས་ཀྱི་བརྗེ་རེས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་གོ་སྐབས་དང་ཕན་བདེ་བསྐྲུན་ཐུབ་ཟེར།
ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པར། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཨེ་ཅིབ་བཅས་ཀྱིས་ཁཱ་ཐར་གྱིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པ་དང་ས་ཁུལ་གྱི་བདེ་འཇགས་ལ་གཏོར་བརླག་བྱས་པ་རྒྱུ་མཚན་དུ་བྱས་ཏེ། ཁཱ་ཐར་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། ཁཱ་ཐར་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པ་རེད། ཁཱ་ཐར་སྲིད་གཞུང་གིས་གོང་སྨྲས་སྐྱོན་འཛུགས་དེ་ཁས་ལེན་བྱས་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།