ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་དགུ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གིས་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ནས་ད་ལོའི་སྲིད་ཇུས་ལག་བསྟར་གནས་ཚུལ་གཙོ་བོར་སྤྱི་བསྡོམས་བྱས་པ་དང་། ལོ་སྨད་དུ་སྲིད་ཇུས་གནད་དོན་གལ་ཆེན་རབ་དང་རིམ་པ་དངོས་འབེབས་དམ་འཛིན་བྱེད་པར་གྲོས་བསྡུར་བྱས། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྲོས་ཚོགས་ལ་ཞུགས།
བསྒྲགས་པ་ལྟར་ན། དཔལ་འབྱོར་ཐད་ནས་གྲོས་ཚོགས་ཀྱི་སྙན་ཞུ་ལས་ཞིང་ལས་ཐོན་སྐྱེད་ནུས་པ་མཐོར་འདེགས་བྱས་ཏེ་འབྲུ་རིགས་ཀྱི་རང་ཁ་རང་གསོ་མངོན་འགྱུར་བྱེད་དགོས་པ་ནན་གྱིས་བསྟན་ཡོད་པ་དང་། རྒྱལ་སྲུང་ཐད་ནས་ཁྲའོ་ཞན་གྱིས་མིག་སྔའི་ཕྱེད་གླིང་གི་བདེ་འཇགས་གནས་བབ་འོག་རང་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན་ཡོད། སྙན་ཞུ་ལས་བཤད་རྒྱུར། དམག་དོན་མྱུལ་ཞིབ་འཁོར་སྐར་གྱི་གསར་སྤེལ་བྱ་བ་དེ་ཁྲའོ་ཞན་དྲག་ཆས་སྟོབས་ཤུགས་ཀྱི་འཕེལ་རྒྱས་མདུན་ལྗོངས་དང་དམག་གྲབས་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཟེར།
གྲོས་ཚོགས་ནས་ད་རུང་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་དང་རིམ་པ་སོ་སོའི་མི་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་ཞིབ་བྱས་ཏེ། འབྲེལ་ཡོད་ཀྱི་གྲོས་རིམ་ལ་གྲོས་འཆམ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།