འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་ནུས་ལྡན་དུ་གྱུར་ནས་སུའུ་ཏན་གྱི་དྲག་ཆས་འཁྲུག་རྩོད་ཞི་འཇགས་སུ་སོང་།
2023.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

སུའུ་ཏན་གྱི་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གསར་བ་དེ་ཚེས་བཅོ་བརྒྱད་ཉིན་ནུས་ལྡན་དུ་གྱུར་རྗེས། རྒྱལ་ས་ཁཱ་ཐུའུ་མུའུ་དང་བཅས་པའི་འཁྲུག་རྩོད་ས་ཁུལ་སོ་སོར་གནས་སྐབས་སུ་ཞི་འཇགས་སླར་གསོ་བྱུང་།

སུའུ་ཏན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་ནས་དུས་ཚོད་དོན་གཉིས་རིང་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ཁཱ་ཐུའུ་མུའུ་ཡི་ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་ནས་བཟུང་ལག་བསྟར་བྱེད་མགོ་བརྩམས། གཞན་ཡང་ཕྱོགས་མང་བོ་ཞུགས་པའི་མི་ཆོས་རིང་ལུགས་ཀྱི་གྲོས་ཚོགས་ཤིག་ཚེས་བཅུ་དགུ་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་བསྡུ་བར་ཐག་བཅད་ཡོད་ལ། དམིགས་ཡུལ་ནི་སུའུ་ཏན་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཁས་ལེན་དང་རྒྱབ་སྐྱོར་བྱེད་དུ་འཇུག་ཆེད་རེད།

ཨ་རབ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། སུའུ་ཏན་གྱི་སྡོད་དམངས་རེ་འགས་བཤད་རྒྱུར། དུས་ཡུན་ཐུང་ངུའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེས་གསོན་ཤུགས་སླར་གསོ་བྱེད་མི་ཐུབ་པས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ལག་བསྟར་ཡུན་ཚད་སྔར་ལས་ཇེ་རིང་དུ་བཏང་སྟེ། མཇུག་མཐར་འཁྲུག་རྩོད་ཕྱོགས་ཡོངས་ནས་མཇུག་སྒྲིལ་བར་རེ་བཞིན་ཡོད་ཟེར། ཟླ་ངོ་གཉིས་ལྷག་གི་འཁྲུག་རྩོད་ལས་ཟས་རིགས་དང་སྨན་བཅོས་སོགས་གཞི་རྩའི་ཞབས་ཞུར་གནོད་པ་ཆེན་པོ་ཐེབས་ཡོད། སུའུ་ཏན་སྨན་བཅོས་ལས་རིགས་ཀྱི་མི་སྣས་བདེན་དཔང་བྱས་དོན། འཁྲུག་རྩོད་ས་ཁུལ་དུ་ཡོད་པའི་བཞི་ཆའི་གསུམ་གྱི་སྨན་ཁང་གིས་ལས་གཉེར་བྱེད་མཚམས་བཞག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ། ཨ་ཧྥེ་རི་ཁ་གླིང་ཤར་མའི་རྒྱལ་ཁབ་རྩ་འཛུགས་བཅས་སྲིད་གཞུང་བར་གྱི་འཕེལ་རྒྱས་ལས་ཁུངས་ཀྱིས་གྲུབ་པའི་ཕྱོགས་གསུམ་རྐྱེན་སྲོལ་གྱིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། མི་བྱེ་བ་གཉིས་དང་ས་ཡ་ལྔ་ཙམ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་སྲུང་སྐྱོབ་མཁོ་བ་དང་། སུའུ་ཏན་གྱི་སྤྱིའི་མི་གྲངས་ཀྱི་ཕྱེད་ཀའི་ཡན་ཟིན་ཡོད་ཟེར། རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། སུའུ་ཏན་གྱ་དྲག་ཆས་འཁྲུག་རྩོད་ལས་མི་ས་ཡ་གཉིས་དང་འབུམ་གཉིས་ཙམ་ཡུལ་འཁྱམས་བྱེད་དགོས་བྱུང་བ་དང་། དེའི་ནང་མི་འབུམ་ལྔ་དང་ཁྲི་གཉིས་སྟོང་བརྒྱད་ཙམ་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་བྲོལ་བྱོལ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།