ཧྥེ་ལེ་པེན་གྱི་བདེ་འཇགས་མི་སྣས་མེན་ལན་ལའོ་གླིང་ཕྲན་ནས་དྲག་ཆས་ཉེས་ཅན་བདུན་བསད།
2023.06.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཧྥེ་ལེ་པེན་གྱི་བདེ་འཇགས་མི་སྣས་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་ལྷོ་ཕྱོགས་ཀྱི་མེན་ལན་ལའོ་གླིང་ཕྲན་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བདུན་བསད་ཟེར།

ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་སྙན་ཞུ་ཞིག་ལས་བཤད་རྒྱུར། དམག་མི་དང་ཉེན་རྟོག་པས་གྲུབ་པའི་མཉམ་འབྲེལ་ཚན་ཆུང་ཞིག་གིས་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་ལྷོ་ཕྱོགས་ཀྱི་མཱ་ཅིང་ཏཱ་ནོའུ་ཞིང་ཆེན་གྱི་ཏཱ་ཏུའུ་ཕཱ་ཀི་ལཱ་སི་གྲོང་རྡལ་དུ་ལས་འགན་ལག་བསྟར་བྱེད་སྐབས། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་པང་སཱ་མའོ་ལོ་དབྱེ་སི་ལན་རང་དབང་འཐབ་མཆོག་རྩ་འཛུགས་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བདུན་བསད་པ་དང་། བདེ་འཇགས་མི་སྣ་གཅིག་ལ་རྨས་ཕོག་ཟེར།

པང་སཱ་མའོ་ལོ་དབྱེ་སི་ལན་རང་དབང་འཐབ་མཆོག་རྩ་འཛུགས་ནི་ཧྥེ་ལེ་པེན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་གཙོ་བོ་ཞིག་ཡིན་པ་དང་། གཙོ་བོ་མེན་ལན་ལའོ་གླིང་ཕྲན་དུ་འགྲོ་འདུག་བྱེད་བཞིན་ཡོད། རྩ་འཛུགས་དེས་སྔོན་ཆད་ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་ལ་དཔུང་འཇུག་བྱེད་པ་དང་མི་སེར་དཀྱུས་མ་བཙན་ཁྲིད་བྱེད་པའི་བྱ་སྤྱོད་སྤེལ་མྱོང་།


བསོད་ནམས་ཚེ་རིང་གིས་བསྒྱུར།