ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ཉིང་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་གསུམ་བསད་ཟེར། དབྱི་སི་རལ་རྒྱལ་སྲུང་དམག་གིས་གསལ་སྒྲོག་སྤེལ་ནས། ཕྱོགས་གཉིས་བར་ཉིན་དེར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱུང་བ་བདེན་དཔང་བྱས།
གཞན་ཡང་ཕཱ་ལེ་སི་ཐན་གྱི་འཕྲོད་བསྟེན་པུའུ་ཡི་གསལ་སྒྲོག་ལས་བཤད་རྒྱུར། གཞན་ཡང་མི་སོ་གཅིག་ལ་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ལ། དེའི་ནང་མི་དྲུག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་དེ་ལས་དབྱི་སི་རལ་གྱི་དམག་མི་དྲུག་ལ་རྨས་ཕོག་པ་དང་། མིག་སྔར་རྨས་མའི་གནས་ཚུལ་གཏན་འཇགས་རེད་ཟེར།
གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅེ་ཉིང་གྲོང་ཁྱེར་དུ་དམག་དོན་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་གྱི་མིའི་བར་འཁྲུག་རྩོད་བྱུང་། ཡུལ་དངོས་ནས་མེ་མདའ་དང་འགས་གཏོར་གྱི་སྒྲ་དྲག་པོ་ཐོས་ཐུབ་ཟེར།
ཕཱ་ལེ་སི་ཐན་གྱི་བདེ་འཇགས་མི་སྣས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་གིས་ཐེངས་འདིའི་འགུལ་སྐྱོད་ཁྲོད་གྱེན་འཕུར་གནམ་གྲུ་བཀོལ་ནས་ས་དེར་བར་སྣང་འཇབ་རྒོལ་བྱས་ཡོད་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་དཔུང་དང་དབྱི་སི་རལ་གྱི་མཐའ་སྲུང་ཉེན་རྟོག་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཅེ་ཉིང་གྲོང་ཁྱེར་དུ་ཕཱ་ལེ་སི་ཐན་གྱི་མི་འཛིན་བུང་བྱེད་པའི་འགུལ་སྐྱོད་སྤེལ་སྐབས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣའི་བར་གཞི་རྒྱ་ཆེ་བའི་འཁྲུག་རྩོད་བྱུང་། ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དབྱི་སི་རལ་ཕྱོགས་ལ་འགད་རྫས་མང་བོ་བཀོལ་ནས་ངོ་རྒོལ་བྱས་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མདེལ་ངོ་མ་བཀོལ་ནས་རྒོལ་ལན་སྤྲད་པ་ཡིན། དབྱི་སི་རལ་གྱི་དམག་དཔུང་གིས་གྱེན་འཕུར་གནམ་གྲུ་བཀོལ་ནས་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་མེ་མདས་བརྒྱབ་སྟེ་དབྱི་སི་རལ་གྱི་དམག་དཔུང་ཕྱིར་འཐེན་བྱེད་པར་རམ་འདེགས་བྱས་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།