ཐི་ཀུའུ་ཞི་ཅཱ་ཨར་པཱ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧོང་ཏུ་ར་སིའི་སྲིད་གཞུང་གི་བཅའ་ཁྲིམས་གསོ་རིག་སྡེ་ཁག་གིས་ཚེས་ཉི་ཤུ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། རྒྱལ་ཁབ་དེའི་རྒྱལ་ས་ཐི་ཀུའུ་ཞི་ཅཱ་ཨར་པཱའི་ཉེ་འདབས་སུ་ཡོད་པའི་བུད་མེད་བཙོན་ཁང་ཞིག་ཏུ་ཉིན་དེར་ཟིང་འཁྲུག་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། བུད་མེད་བཙོན་ཁང་དེ་ཐི་ཀུའུ་ཞི་ཅཱ་ཨར་པཱའི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་ཀྱི་ཐཱ་མཱ་ལཱ་གྲོང་ཁྱེར་དུ་ཡོད་པ་དང་། དོན་རྐྱེན་བྱུང་སྐབས་བཙོན་ཁང་དུ་མེ་མདའི་སྒྲ་གྲགས་པར་མ་ཟད་མེ་སྐྱོན་བྱུང་སྟེ་དུད་ནག་ལང་ལོང་དུ་འཁྲུགས། དོན་རྐྱེན་དེར་འབྲེལ་བའི་མི་སྣ་རེ་འགའ་ནི་ནག་ཚོགས་ཀྱི་ཁོངས་ཡིན་སྲིད་ཟེར།
ཧོང་ཏུ་ར་སིའི་བདེ་འཇགས་པུའུ་ཡི་པུའུ་ཀྲང་གཞོན་པ་པུས་ལེ་ཡཱ་ནོའུ་ཨེ་ཝ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། མེ་གསོད་དང་ཉེན་རྟོག རྒྱལ་སྲུང་སྡེ་ཁག་བཅས་བཙོན་ཁང་གི་རྒུད་སྐྱོབ་བྱ་བར་ཞུགས་པ་དང་། དོན་རྐྱེན་བྱུང་སའི་བཙོན་ཁང་དེས་དོགས་ཟོན་མཐོར་འདེགས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།