ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གསང་འཕྲིན་སྡེ་ཁག་གིས་ཀྲ་པའོ་ལོ་རི་ས་ཁུལ་གྱི་འཇིགས་སྐུལ་འཇབ་རྒོལ་འགུལ་སྐྱོད་ལ་བདེ་བླག་ངང་བཀག་འགོག་བྱས་ཡོད་ཟེར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་རྒྱལ་གཅེས་མཁན་ཞེས་པའི་འཕུར་མདའི་མ་ལག་ལ་གཏོར་བཤིག་ཐེབས་པའི་འབྲེལ་ཡོད་བཤད་ཚུལ་ཁས་ལེན་མ་བྱས་པ་དང་། འཕུར་མདའི་མ་ལག་གིས་སྔར་བཞིན་བྱ་བ་བྱེད་བཞིན་ཡོད་པའི་ཚུལ་བསྟན།
ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཅུའུ་དེས་ཝུའུ་ཁི་ལན་གྱི་གསང་འཕྲིན་སྡེ་ཁག་གི་ཀྲ་པའོ་ལོ་རི་ས་ཁུལ་གྱི་འབྲེལ་ཡོད་མི་སྣར་དམིགས་པའི་འཇིགས་སྐུལ་འཇབ་རྒོལ་འགུལ་སྐྱོད་ལ་བདེ་བླག་ངང་བཀག་འགོག་བྱས་ཡོད་པ་དང་། འཇིགས་སྐུལ་འཇབ་རྒོལ་གྱི་རྩ་འཛུགས་མཁན་ནི་ཝུའུ་ཁི་ལན་གྱི་གསང་འཕྲིན་སྡེ་ཁག་གི་ལས་བྱེད་མི་སྣ་ཡིན་པ་རྩད་ཆོད་ཡོད་ཟེར།
ཨུ་རུ་སིའི་པེ་ཨར་ཀི་ལོ་ཏི་མངའ་སྡེའི་མགོ་བ་ཀི་ལཱ་ཏི་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མངའ་སྡེ་དེའི་ཝ་ལུའུ་དབྱེ་ཅི་གྲོང་ཁྱེར་དུ་འཇབ་རྒོལ་བྱས་པ་ལས་མི་བདུན་ལ་རྨས་ཕོག་པ་དང་། ཐོག་ཁང་འགར་གཏོར་བཤིག་ཐེབས་ཡོད་ཟེར། གཞན་ཡང་ཝ་ལུའུ་དབྱེ་ཅི་གྲོང་ཁྱེར་གྱི་སྲིད་འཛིན་དཔོན་པོ་ཏི་པའོ་ཧྥུའུ་ཡིས་བཤད་རྒྱུར། གྲོང་ཁྱེར་དེའི་ས་ཁོངས་ཤིག་ཏུ་ཚེས་བཅུ་དགུ་ཉིན་གྱི་ཞོགས་པར་མེ་སྒྱོགས་དང་མེ་ཤུགས་འཕུར་མདའི་འཇབ་རྒོལ་ཐེབས་ནས། གློག་འགྱུར་ཆས་ལ་གཏོར་བརླག་ཐེབས་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཉིན་དེར་རྒྱ་མཚོའི་རྟེན་གཞི་བེད་སྤྱོད་བྱས་ནས་གནད་འཁེལ་མཚོན་ཆ་བེད་སྤྱོད་བྱས་ཏེ། ཝུའུ་ཁི་ལན་གྱི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཕྱི་རྒྱལ་གྱིས་བཟོས་པའི་དམག་དོན་སྒྲིག་ཆས་འཇོག་སར་གཅིག་བསྡུས་ཀྱིས་ཆམ་ཕབ་བཏང་བ་དང་། དམིགས་འབེན་ཚང་མར་གཏོར་བརླག་ཐེབས་ཡོད་ཟེར། ཨུ་རུ་སིའི་དམག་དཔུང་གིས་ད་རུང་ཝུའུ་ཁི་ལན་དམག་དཔུང་གི་ཏོན་ནེ་ཚི་ཁི་ལྷོ་མ་དང་། ཏོན་ནེ་ཚི་ཁི། ཧོང་ལེ་མན། ཧི་ཨར་སུང་སོགས་ཀྱི་ཕྱོགས་སུ་དཔུང་འཇུག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།