ཧྥུན་ལན་གྱི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་གིས་ཚེས་ཉི་ཤུ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། མི་རིགས་མཉམ་འབྲེལ་ཏང་གི་ཀྲུའུ་ཞི་ཨོ་ཨར་པའོ་ཡིས་ཙུང་ལིའི་འགན་ཁུར།
ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཧྥུན་ལན་གྲོས་ཁང་གིས་དམིགས་བསལ་གྲོས་ཚོགས་ནས་ཨོ་ཨར་པའོ་ཡི་ཙུང་ལིའི་ཐོབ་ཐང་ལ་འདེམ་ཤོག་འཕངས། གྲོས་མི་བཅུ་གཅིག་ཞུགས་མེད་པའི་གནས་ཚུལ་འོག ཨོ་ཨར་པའོ་ཡི་ཙུང་ལིའི་ཐོབ་ཐང་ལ་འདེམ་ཤོག་བརྒྱ་དང་བདུན་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གྱ་གཅིག་གིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གྲོས་མཐུན་བྱུང་། ཉིན་དེའི་ཕྱི་དྲོར་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་དངོས་སུ་ཨོ་ཨར་པའོ་ཡིས་མགོ་ཁྲིད་པའི་སྐབས་གསར་བའི་མཉམ་འབྲེལ་སྲིད་གཞུང་བསྐོ་འཇོག་བྱས། སྲིད་གཞུང་གསར་བའི་ཁོངས་མིས་དེའི་རྗེས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར།
སྐབས་འདིའི་སྲིད་གཞུང་ནི་མི་རིགས་མཉམ་འབྲེལ་ཏང་དང་ཧྥུན་ལན་པའི་ཏང་། སུའེ་ཏེན་རིགས་ཀྱི་མི་དམངས་ཏང་། ཡེ་ཤུའི་ཆོས་ལུགས་དམངས་གཙོ་ཏང་བཅས་ཀྱིས་གྲུབ་ཡོད་པ་དང་། བསྡོམས་པས་ཙུང་ལི་གཅིག་དང་པུའུ་ཀྲང་བཅོ་བརྒྱད་ཡོད།
ད་ལོའི་ཟླ་བཞི་བའི་ཚེས་གཉིས་ཉིན་སྤེལ་བའི་ཧྥུན་ལན་གྲོས་ཁང་གི་འདེམ་བསྐོའི་ཁྲོད། མི་རིགས་མཉམ་འབྲེལ་ཏང་ལ་རྒྱལ་ཁ་ཐོབ་ནས། གྲོས་ཁང་གི་ཆེས་ཆེ་བའི་ཏང་ཁག་ཏུ་གྱུར། རྒྱུན་སྲོལ་ལྟར་ན། ཏང་དེའི་ཀྲུའུ་ཞི་ཨོ་ཨར་པའོ་ཡིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གྲོས་མོལ་ལ་འགན་ཁུར་དགོས་ཡོད། ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། གྲོས་མོལ་ལ་ཞུགས་པའི་སྲིད་ཏང་བཞི་ཡིས་གྲོས་མཐུན་བཀོད་པ་དང་། ཚེས་བཅུ་དྲུག་ཉིན་སྲིད་གཞུང་གསར་བའི་རྩ་འཛིན་དང་སྲིད་འཛིན་ལས་ཁུངས་ཀྱི་ལས་གནས་བགོ་བཤའི་ཇུས་གཞི་ཁྱབ་བསྒྲགས་བྱས།
ད་ལོར་ལོ་ང་གསུམ་ཡིན་པའི་ཨོ་ཨར་པའོ་ནི་ཉིས་སྟོང་བདུན་ལོར་གྲོས་མིར་བདམས་པ་དང་། སྔོན་ཆད་ཞིང་ནགས་བྱ་བའི་པུའུ་ཀྲང་དང་ནང་སྲིད་པུའུ་ཀྲང་། ནོར་སྲིད་པུའུ་ཀྲང་བཅས་ཀྱི་འགན་ཁུར་མྱོང་། ཉིས་སྟོང་བཅུ་དྲུག་ལོར་ཨོ་ཨར་པའོ་མི་རིགས་མཉམ་འབྲེལ་ཏང་གི་ཀྲུའུ་ཞིར་བདམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།