མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཚེས་བཅུ་དགུ་ཉིན་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་གྲོས་ཆོད་ཅིག་བཀོད་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་སོ་སོའི་དོ་དམ་ཁྱབ་ཁོངས་སུ་གཏོགས་མེད་པའི་མཚོ་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་པའི་ཆེད་ཡིན་ལ། ས་ཁོངས་དེས་འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཉིས་ཡན་གྱི་རྒྱ་མཚོར་ཁེབས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས་འོག་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་སུ་མི་གཏོགས་པའི་ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་དང་རྒྱུན་མཐུད་ཀྱི་བེད་སྤྱོད་གྲོས་ཆོད་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཞིང་། སྤྱི་བའི་མཚོ་ཁོངས་ཀྱི་སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་སོགས་ལ་འབྲེལ་བའི་བཅའ་ཁྲིམས་སྒྲོམ་གཞིར་ཤུགས་སྣོན་ཆེན་པོ་བྱེད་ཐུབ་ངེས་རེད། གྲོས་ཆོད་དེ་ལས་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་སུ་མི་གཏོགས་པའི་མཚོ་ཁོངས་ཀྱི་ཐོན་ཁུངས་ཤུལ་འཛིན་ཐད་ཀྱི་བྱ་འགུལ་དང་ཁེ་ཕན་མཉམ་སྤྱོད། རྒྱ་མཚོའི་སྲུང་སྐྱོབ་ས་ཁུལ་འཛུགས་པ་སོགས་འདུས་པའི་ས་ཁོངས་ཀྱི་དོ་དམ་ཡོ་བྱད་སོགས་ཀྱི་ཐད་གཏན་འཁེལ་བྱས་ཡོད། དེ་ལས་གཞན་གྲོས་ཆོད་དེ་ད་རུང་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་སུ་མི་གཏོགས་པའི་ས་ཁོངས་སུ་བྱ་འགུལ་སྤེལ་བའི་རྒྱ་མཚོའི་ཁོར་ཡུག་གི་ཤུགས་རྐྱེན་གྱི་དཔྱད་འཇོག་དང་། དེ་མིན་ཕྱོགས་སོ་སོས་ནུས་པའི་འཛུགས་སྐྲུན་དང་རྒྱ་མཚོའི་ལག་རྩལ་བོགས་གཏོང་ཐད་ཀྱི་མཉམ་ལས་སོགས་ནང་དོན་ལ་འབྲེལ་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་གཏམ་བཤད་སྤེལ་ཏེ། རྒྱ་མཚོ་ཆེན་མོར་ནམ་ཟླའི་འགྱུར་ལྡོག་དང་ཚད་བརྒལ་ཉ་འཛིན། སྐྱུར་འགྱུར། སྦགས་བཙོག་སོགས་ཀྱི་འཇིགས་ཉེན་སྣ་ཚོགས་ཐེབས་བཞིན་ཡོད་ཟེར། གྲོས་ཆོད་དེ་འཇིགས་ཉེན་དེ་དག་ཐག་གཅོད་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་སུམ་ཆའི་གཉིས་ཀྱི་རྒྱ་མཚོའི་རྒྱུན་མཐུད་བེད་སྤྱོད་ལ་འགན་སྲུང་བྱེད་པ་སོགས་ལ་གལ་འགངས་ཧ་ཅང་ཆེ། འཛམ་གླིང་རང་བཞིན་གྱི་འཇིགས་ཉེན་ལ་འཛམ་གླིང་རང་བཞིན་གྱི་འགུལ་སྐྱོད་སྤེལ་དགོས་པ་དང་། གྲོས་ཆོད་དེ་ལོ་ངོ་ཉི་ཤུ་ཙམ་ལ་ལེགས་བཅོས་བྱས་ནས་མཇུག་མཐར་གྲོས་འཆམ་བྱུང་བ་ཡིན་ལ། དེ་ལས་ཕྱོགས་མང་རིང་ལུགས་ཀྱི་སྟོབས་ཤུགས་བདེན་དཔང་བྱས་ཡོད་པ་དང་། རྒྱལ་ཁབ་སོ་སོས་ཐུན་མོང་ཁེ་ཕན་གྱི་ཆེད་དུ་མཐུན་སྒྲིལ་གཅིག་གྱུར་བྱེད་ཐུབ་པ་མངོན་པར་མཚོན་ཡོད་ཟེར།
གསར་འགྱུར་སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། ད་ལོའི་ཟླ་དགུ་བའི་ཚེས་ཉི་ཤུ་ཉིན་ནས་བཟུང་། གྲོས་ཆོད་དེ་བསྟུད་མར་ལོ་གཉིས་ལ་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ཁང་ནས་སྒོ་འབྱེད་བྱས་ཏེ་རྒྱལ་ཁབ་སོ་སོར་མིང་འགོད་དུ་འཇུག་རྒྱུ་རེད། གྲོས་ཆོད་དེར་རྒྱལ་ཁབ་དྲུག་ཅུས་ཆོག་མཆན་ཐོབ་རྗེས་ནུས་ལྡན་དུ་འགྱུར་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་གྲོས་ཆོད་ནུས་ལྡན་དུ་གྱུར་རྗེས་ཀྱི་ལོ་གཅིག་གི་ནང་གྲོས་ཆོད་བཀོད་པའི་རྒྱལ་ཁབ་དག་གི་ཚོགས་ཆེན་གྱི་གྲོས་ཚོགས་ཐོག་མ་བསྡུ་དགོས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།