སྐབས་བཅུ་གཅིག་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་འཇར་མན་གྱི་པའོ་ལིན་ནས་བསྡུས།
2023.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

སྐབས་བཅུ་གཅིག་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་འཇར་མན་གྱི་པའོ་ལིན་ནས་བསྡུས། གླེང་སྟེགས་དེ་ནི་ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་འཇར་མན་དཔལ་འབྱོར་དང་ནམ་ཟླའི་སྲུང་སྐྱོབ་པུའུ་ཡིས་མཉམ་དུ་གཙོ་སྒྲུབ་བྱས་པ་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲིན་ཧྲན་ཅེ་མཇུག་བསྡུའི་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ་བ་དང་། ཀྲུང་གོའི་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚོན་ལིང་གིས་མགོ་རྩོམ་མཛད་སྒོའི་སྟེང་ཞུ་ཚིག་ཕུལ།

ཐེངས་འདིའི་གླེང་སྟེགས་ཀྱིས་ལག་རྡང་སྦྲེལ་བའི་ལྷད་མེད་འཕེལ་རྒྱས་དེ་བརྗོད་སྙིང་དུ་བྱས་ཡོད་ཅིང་། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱི་འཐུས་མི་ཉིས་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། གླེང་སྟེགས་ཀྱིས་བཟོ་ལས་ལྷད་མེད་འཕར་བསྒྱུར་དང་ནུས་ཁུངས་འཕར་བསྒྱུར་གྱི་ཡན་ལག་གླེང་སྟེགས་གཉིས་སྤེལ་བ་དང་། ཀྲུང་གོ་དང་འཇར་མན་ནས་ཡོང་བའི་ཁེ་ལས་དང་རིག་མཛོད་ལས་ཁུངས། ས་གནས་སྲིད་གཞུང་གི་འཐུས་མི་བཅས་ཀྱིས་གཏམ་བཤད་གལ་ཆེན་སྤེལ་བ་དང་བརྗེ་རེས་གྲོས་བསྡུར་བྱས། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱི་ཁེ་ལས་འཐུས་མིས་གཙོ་བོ་དཔལ་འབྱོར་ལྷད་མེད་འཕར་བསྒྱུར་དང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་འཕེལ་རྒྱས་སོགས་གྲོས་གཞིའི་ཐད་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས།

ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་དེ་གཅིག་སྟོང་དགུ་བརྒྱ་གོ་ལྔ་གོར་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་གཞི་བཏོན་ནས་བཙུགས་པའི་ཚུན་ལ། སྐབས་བཅུ་གཅིག་བདེ་བླག་ངང་སྤེལ་བ་དང་། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་རྐྱེན་སྲོལ་དང་མཉམ་ལས་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སྲིད་ཇུས་བརྗེ་རེས་དང་རྣམ་གྲངས་སྦྲེལ་མཐུད། ཐོན་ལས་མཉམ་ལས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད། གོ་རིམ་རྗེས་མར་ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རླངས་འཁོར་དང་འཕྲུལ་ཆས། མཁའ་འགྲུལ། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ་དང་། རིག་ནུས་བཟོ་སྐྲུན་དང་གྲངས་ལྡན་ཐོན་ལས། སྐྱེ་དངོས་བཟོ་ལས། ནུས་ཁུངས་གསར་བའི་ལག་རྩལ། ཞབས་ཞུ་ཉོ་ཚོང་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གང་ལེགས་བྱས་ནས། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལག་རྩལ་གྱི་དངོས་གཉེར་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་སྐུལ་འདེད་གཏོང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།