ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཏེ་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.06.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

འདི་ནི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་པར་བླངས་པའི་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ཡུལ་དངོས་ཀྱི་རྣམ་པ་རེད།

འདི་ནི་ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་པར་བླངས་པའི་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཁྱབ་ཁོངས་ཆུང་བའི་གྲོས་མོལ་ཡུལ་དངོས་ཀྱི་རྣམ་པ་རེད།

ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་ཕྱི་འབྲེལ་བློན་ཆེན་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཚེས་ཉི་ཤུ་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བསྡུས་པ་དང་། ཚོགས་ཞུགས་ཕྱི་འབྲེལ་བློན་ཆེན་དག་གིས་མཐུན་སྒྲིལ་དང་མཉམ་ལས་ལ་བརྟེན་ནས་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པར་ཡིད་འཐད་བྱུང་། གརོས་ཚོགས་ནས་ད་རུང་ཨ་ཧྥུའུ་ཧན་གྱི་གནས་བབ་དང་ཕྱི་རོལ་བར་སྟོང་གི་དམག་ཆས་འགྲན་རྩོད་སྔོན་འགོག་བྱེད་པའི་སྐོར་གྱི་གསལ་སྒྲོག་ཡིག་ཆ་གཉིས་ལ་གྲོས་འཆམ་བྱུང་།

ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན། ཨེ་མེ་ནི་ཡཱ། ཅིར་ཅི་སི་སི་ཐན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།

ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་བློན་ཆེན་ཨ་ལེ་དབྱེ་ནེ་ཁི་ཡིས་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཕྱོགས་སོ་སོས་གྲོས་མོལ་བྱེད་སྐབས་རྒྱལ་སྤྱིའི་གནས་བབ་ལས་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་འགན་འཁྲིའི་ས་ཁུལ་གྱི་བདེ་འཇགས་ལ་ཐེབས་པའི་ཤུགས་རྐྱེན་དང་། ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ནང་ཁུལ་དང་ཉེ་འཁོར་གྱི་གནས་བབ་སོགས་དང་། དེ་མིན་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་དང་མཉམ་འབྲེལ་རྒྱལ་ཚོགས། ཧྲང་ཧེ་མཉམ་ལས་རྩ་འཛུགས། རང་བཙན་མཉམ་འབྲེལ་ཚོགས་པ་བཅས་བར་གྱི་མཉམ་ལས་མདུན་ལྗོངས་ལ་གྲོས་བསྡུར་བྱས།

ཨ་ལེ་དབྱེ་ནེ་ཁི་ཡིས་བཤད་རྒྱུར། མིག་སྔའི་རྒྱལ་སྤྱིའི་བདེ་འཇགས་སྒྲོམ་གཞི་ཇེ་ཞན་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་རེ་འགའི་དཔལ་འབྱོར་གྱི་འགལ་བ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ལ། བཀག་སྡོམ་དང་མཉམ་འདྲེས་འཐབ་འཁྲུག་གཅིག་ཏུ་འདྲེས་ཡོད་ཟེར། ཁོས་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་ཕྱོགས་ཁག་སོ་སོས་ལངས་ཕྱོགས་གཅིག་གྱུར་བྱས་ཏེ། མཉམ་དུ་འགྲན་རྩོད་དང་འཇིགས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཁ་བྲལ་ཏུ་གཏོང་བ་དང་། ཁོངས་གཏོགས་རྒྱལ་ཁབ་བར་གྱི་འབྲེལ་བར་གཏོར་བརླག་བྱེད་རྩིས་ཡོད་པས། ཁོངས་གཏོགས་རྒྱལ་ཁབ་དག་གིས་འོས་འགན་ལག་བསྟར་གང་ལེགས་བྱས་ནས་མཐུན་སྒྲིལ་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཨེ་མེ་ནི་ཡཱའི་ཕྱི་འབྲེལ་བློན་ཆེན་མུས་ཨར་ཙོ་དབྱང་གིས་གྲོས་ཚོགས་སྟེང་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱིས་ཨེ་མེ་ནི་ཡཱ་དང་ཨ་སེ་པེད་ཅང་གི་འཁྲུག་རྩོད་ལ་དམིགས་སའི་རང་བཞིན་ལྡན་པའི་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། དེ་ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་དང་ཀའོ་ཅཱ་སོ་ལྷོ་མ་ས་ཁུལ་གྱི་གཏན་འཇགས་ལ་འབྲེལ་བ་ཡོད་ཟེར།

ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཉིན་དེར་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱས། ཁོས་ནན་གྱིས་བསྟན་དོན། ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་མཉམ་འབྲེལ་ལ་ཤུགས་སྣོན་པ་དེ་དུས་སྐབས་གང་རུང་ལས་ཀྱང་གལ་འགངས་ཆེ་ཟེར།

ཐུན་མོང་བདེ་འཇགས་སྤྱི་ཆིངས་རྩ་འཛུགས་དེ་ཉིས་སྟོང་གཉིས་ལོའི་ཟླ་ལྔ་བར་བཙུགས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་བཀོད་པའི་རང་བཙན་ཐུན་མོང་ཚོགས་པའི་བདེ་འཇགས་སྤྱི་ཆིངས་ལས་འཕེལ་འགྱུར་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།