ཨུ་རུ་སིའི་ཆེད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཞིབ་འཇུག་བྱེད་པའི་ཞིབ་འཇུག་ཁང་ཉེ་སྔོན་མའོ་སི་ཁོ་ནས་བཙུགས། ཞིབ་འཇུག་ཁང་དེའི་མིང་ཧྲིལ་བོར་ཀྲུང་གོའི་དེང་རབས་འདུ་ཤེས་འཛིན་སྟངས་དང་ཞི་ཅིན་ཕིང་གི་དགོངས་པའི་ཞིབ་འཇུག་ཁང་ཟེར་ཞིང་། ཨུ་རུ་སིའི་མིང་དུ་གྲགས་པའི་རིག་མཛོད་དང་ཨུ་རུ་སིའི་ཚན་རིག་གླིང་གི་ཀྲུང་གོ་དང་དེང་རབས་ཨེ་ཤ་ཡཱའི་ཞིབ་འཇུག་ཁང་གིས་བཙུགས་པ་ཡིན་ལ། ཨུ་རུ་སིའི་ཆེད་མཁས་པ་དང་མཁས་པ་གལ་ཆེན་གཅིག་འདུས་བྱས་ཡོད་པ་དང་། དམིགས་ཡུལ་ནི་མ་ལག་ལྡན་པའི་སྒོ་ནས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཞིབ་འཇུག་བྱེད་ཆེད་རེད།
ཨུ་རུ་སིའི་ཚན་རིག་གླིང་གི་ཀྲུང་གོ་དང་དེང་རབས་ཨེ་ཤ་ཡཱའི་ཞིབ་འཇུག་ཁང་གི་མགོ་བ་པཱ་པཱ་ཡེ་ཧྥུའུ་ཡིས་གསར་འགོད་པར་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་འཐུས་སྒོ་ཚང་བའི་ཚན་རིག་མ་ལག་ཅིག་ཡིན་པ་དང་། ཨུ་རུ་སི་ཡིས་དེང་རབས་ཀྲུང་གོའི་རྒྱལ་ཁབ་འཛུགས་སྐྲུན་གྱི་དགོངས་པ་དང་རིགས་པར་རྒྱུས་ལོན་བྱེད་དགོས་ཟེར།
པཱ་པཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་སྤྱི་ཚོགས་ལས་རིགས་སོ་སོར་ཞི་ཅི་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་རྒྱུས་ལོན་བྱེད་དུ་འཇུག་པ་དང་། དུས་རབས་གསར་བའི་ཀྲུང་གོས་འདི་འདྲའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པའི་བསམ་བློའི་འབྱུང་ཁུངས་ལ་རྒྱུས་ལོན་བྱེད་པ་དང་། མ་འོངས་པའི་ཀྲུང་གོའི་འཕེལ་རྒྱས་ཁ་ཕྱོགས་ལ་གོ་བ་ཟབ་མོ་ལེན་དུ་འཇུག་པ་ནི་ཞིབ་འཇུག་ཁང་དེ་འཛུགས་པའི་ཐོག་མའི་དམིགས་ཡུལ་ཡིན་ཟེར།
ཞིབ་འཇུག་ཁང་གི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་དེ་ཆབ་སྲིད་དང་དཔལ་འབྱོར། ཕྱི་འབྲེལ། དམག་དོན། སྐྱེ་ཁམས། རིག་གནས་སོགས་ཁྱབ་ཁོངས་སོ་སོར་འབྲེལ་ཡོད། སྐོར་ཐེངས་དང་པོའི་ཞིབ་འཇུག་གྲུབ་འབྲས་དེ་ཉིས་སྟོང་ཉེར་ལྔ་ལོར་ཆེད་དོན་བརྩམས་ཆོས་ཀྱི་རྣམ་པས་པར་སྐྲུན་བྱེད་རྒྱུ་ཡིན་ཟེར། པཱ་པཱ་ཡེ་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། གྲུབ་འབྲས་དེ་དག་གིས་ཨུ་རུ་སིའི་རིམ་པ་སོ་སོའི་དཔོན་རིགས་དང་བཅས་པའི་ཀློག་པ་པོ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་དང་དེའི་ཀྲུང་གོའི་འཕེལ་རྒྱས་དང་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཕྱོགས་བཅས་ཐད་ཀྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོད་ཟེར།
ཨུ་རུ་སིའི་ཚན་རིག་གླིང་གི་ཀྲུང་གོ་དང་དེང་རབས་ཨེ་ཤ་ཡཱའི་ཞིབ་འཇུག་ཁང་གིས་ཀྲུང་གོའི་ཞིབ་འཇུག་དང་ཁྱད་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོས་པའི་ཞིབ་འཇུག་དེ་བྱ་བའི་གཙོ་གནད་དུ་བཟུང་ཡོད་ཅིང་། ཨུ་རུ་སིའི་ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ་གལ་ཆེན་ནང་འགུག་བྱས་ཏེ་ཞིབ་འཇུག་ཁང་གི་བྱ་བར་མཉམ་ཞུགས་བྱེད་དུ་འཇུག་རྒྱུ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་ཁང་དེར་མིག་སྔར་ཆེད་མཁས་པ་བཅུ་ཡོད་པ་དང་། སོ་སོར་ཨུ་རུ་སིའི་ཚན་རིག་གླིང་གི་ཀྲུང་གོ་དང་དེང་རབས་ཨེ་ཤ་ཡཱའི་ཞིབ་འཇུག་ཁང་དང་ཨུ་རུ་སིའི་ཚན་རིག་གླིང་འཛམ་གླིང་དཔལ་འབྱོར་དང་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་། ཨུ་རུ་སིའི་མཐོ་རིམ་དཔལ་འབྱོར་སློབ་ཆེན་སོགས་ནས་ཡོང་བ་རེད།
པཱ་པཱ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་སྲིད་གཞུང་དང་བཟོ་ཚོང་ལས་རིགས། སློབ་གསོ་ལས་རིགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་གཏིང་ཟབ་ཏུ་རྒྱུས་ལོན་བྱེད་པའི་རེ་འདུན་ཧ་ཅང་དྲག་པོ་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།