ཕཱ་ལེ་སི་ཐན་གྱི་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཅོར་ཏན་གཙང་བོའི་ནུབ་འགྲམ་བྱང་ངོས་ཀྱི་ཅེ་ཉིང་གྲོང་ཁྱེར་གྱི་རླངས་འཁོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་གསུམ་རྐྱེན་ལམ་དུ་ཤོར།
གནས་ཚུལ་ཤེས་མཁན་གྱིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། བར་སྣང་འཇབ་རྒོལ་དེ་ལས་རླངས་འཁོར་ལ་མེ་སྐྱོན་བྱུང་བ་དང་། ཡུལ་དངོས་སུ་འགས་གཏོར་གྱི་སྒྲ་དྲག་པོ་ཐོས་ཐུབ་ཟེར།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་མིས་ཅེ་ཉིང་བྱང་ངོས་ཀྱི་ཅེ་ལའེ་མེད་སྡེ་བའི་ཉེ་འདབས་སུ་དྲག་ཆས་ཉེས་ཅན་ཚོགས་ཁག་ཅིག་བསྡད་ཡོད་པའི་དོགས་ཡོད་རླངས་འཁོར་ཞིག་རྙེད་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་དེ་མ་ཐག་མི་བསྡད་མེད་པའི་གནམ་གྲུ་མངག་ནས་འགས་གཏོར་བཏང་བ་ཡིན། དྲག་ཆས་ཚོགས་ཁག་དེས་ཉེ་སྔོན་ཅོར་ཏན་གཙང་བོའི་ནུབ་འགྲམ་དུ་མེ་མདས་བརྒྱབ་པའི་དོན་རྐྱེན་མང་བོ་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།