དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཏི་ལུའུ་ཙི་སྡོད་དམངས་སྟོང་ཕྲག་འགའ་ཡིས་ཉིན་དེར་ཀི་ལན་མཐོ་ས་ནས་དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་ས་ཁུལ་དེར་རླུང་ཤུགས་གློག་འདོན་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ངོ་རྒོལ་བྱེད་སྐབས་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་བ་རེད། དབྱི་སི་རལ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འཁྲུག་རྩོད་དེ་ལས་ཉེན་རྟོག་པ་བཅུ་གཉིས་དང་ངོ་རྒོལ་མཁན་བརྒྱད་ལ་རྨས་ཕོག་ཡོད་ཟེར།
དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ངོ་རྒོལ་བྱ་འགུལ་དེ་ཀི་ལན་མཐོ་སའི་ས་གནས་མང་བོར་སྤེལ་བ་དང་། ངོ་རྒོལ་མཁན་གྱིས་ཉེན་རྟོག་པར་རྡོ་དང་། ཤོག་སྦགས། འབར་སྣུམ་གྱི་དམ་བུ་སོགས་ཀྱིས་བརྒྱབ་པར་མ་ཟད་རླངས་འཁོར་གྱི་སྐྱ་བ་མེར་སྒྲོན་པ་རེད། ཉེན་རྟོག་ཕྱོགས་ཀྱིས་གཞུང་ལམ་མང་བོར་བཀག་སྡོམ་བྱས་པ་དང་། ཉེན་རྟོག་པ་སྐོར་ཞིག་གིས་མདེའུ་ངོ་མ་བེད་སྤྱོད་བྱས་པ་རེད། འཁྲུག་རྩོད་དེ་ལས་ཉེན་རྟོག་པ་བཅུ་གཉིས་ལ་ཚད་མི་འདྲ་བའི་རྨས་སྐྱོན་ཕོག་པ་དང་། རྨས་ཕོག་པའི་ངོ་རྒོལ་མཁན་བརྒྱད་ཀྱི་ཁྲོད་མི་བཞིའི་རྨས་སྐྱོན་ཚབས་ཆེན་ཡིན་ལ། རྨས་མ་དག་དབྱི་སི་རལ་བྱང་ཕྱོགས་ཀྱི་སེ་ཧྥེ་ཏི་དང་ཧེ་ཧྥ་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།