གནས་སྤོར་སྡོད་དམངས་ཀྱི་གྲུ་གཟིངས་ཤིག་སི་ཕན་གྱི་ཉེ་འདབས་མཚོ་ཁོངས་ནས་ལོག་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་སོ་བཞི་གར་སོང་རྙེད་མེད།
2023.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

སི་ཕན་སྨྱན་བྱད་ཀྱིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུད་པའི་འགྱིག་བཟོས་གྲུ་གཟིངས་ཤིག་ཚེས་ཉེར་གཅིག་ཉིན་སི་ཕན་གྱི་ཡཱ་ཏཱ་ཅཱ་ནཱ་ལེ་གླིང་ཕྲན་ལྷོ་ངོས་ཀྱི་སྤྱི་ལེ་བརྒྱ་དང་རེ་གཉིས་ཀྱི་མཚམས་སུ་ལོག་པ་དང་། མིག་སྔར་ཉུང་མཐར་ཡང་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་གཅིག་འདུས། གཞན་ཡང་མི་སོ་བཞི་གར་སོང་རྙེད་མེད།

བསྒྲགས་པ་ལྟར་ན། འགྱིག་བཟོས་གྲུ་གཟིངས་དེས་ཁྲིམས་འགལ་གནས་སྤོར་སྡོད་དམངས་དྲུག་ཅུ་དྲུད་ཡོད་པ་རེད། སི་ཕན་གྱི་མཚོ་དོན་རྒུད་སྐྱོབ་སྡེ་ཁག་ལ་ཉེན་སྐྱོབ་ཁ་པར་འབྱོར་བ་དང་། སི་ཕན་མཚོ་དོན་གྱི་གནམ་གྲུས་ཉིན་དེའི་དགོང་མོར་མའོ་ལོ་ཀིའི་བར་གྱི་རྒྱ་མཚོའི་མཚོ་ཐིག་གི་སྤྱི་ལེ་དོན་བཞིའི་མཚམས་ནས་གྲུ་གཟིངས་དེ་རྙེད་པ་དང་། དེའི་རྗེས་སུ་མའོ་ལོ་ཀིའི་མཚོ་དོན་རྒུད་སྐྱོབ་སྡེ་ཁག་ལ་སྙན་ཞུ་བྱས། མའོ་ལོ་ཀི་ཕྱོགས་ཀྱིས་ཚེས་ཉེར་གཅིག་ཉིན་ཆུར་ལྷུང་བའི་མི་ཉེར་བཞི་བསྐྱབས་པ་དང་། ཆུར་ལྷུང་བའི་མི་སོ་བཞི་ད་རུང་གར་སོང་རྙེད་མེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱི་སྙན་ཞུ་ལས་བཤད་རྒྱུར། ཨེ་ཤ་ཡཱ་ནུབ་མ་དང་ཨ་ཧྥེ་རི་ཁ་གླིང་བྱང་མའི་རྒྱལ་ཁབ་ནས་སི་ཕན་གྱི་ཡཱ་ཏཱ་ཅཱ་ནཱ་ལེ་གླིང་ཕྲན་བར་གྱི་ལྐོག་འགྲོས་མཚོ་ལམ་སྟེང་། ཉིས་སྟོང་ཉེར་གཉིས་ལོ་གཅིག་པུར་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལྔ་བརྒྱ་དང་ང་དགུ་གྲུ་གཟིངས་དོན་རྐྱེན་དབང་གིས་ཚེ་སྲོག་ཤོར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།