པཱ་ཞིའི་རྒྱལ་ཚོགས་པཱ་ཞི་དང་ཀྲུང་གོའི་གྲོས་མིའི་འཐབ་ཕྱོགས་དང་དམངས་གྲོས་ཁང་གི་པཱ་ཞི་དང་ཀྲུང་གོའི་མཛའ་འབྲེལ་ཚན་ཆུང་། གྲོས་ཞུགས་ཁང་གི་པཱ་ཞི་དང་ཀྲུང་གོའི་མཛའ་འབྲེལ་ཚན་ཆུང་། པཱ་ཞི་དང་ཀྲུང་གོའི་སྤྱི་ཚོགས་རིག་གནས་ཞིབ་འཇུག་ལྟེ་གནས་སོགས་ཀྱིས་ཚེས་ཉི་ཤུ་ཉིན་མཉམ་དུ་ཀྲུང་གོ་དང་པཱ་ཞིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཀྲུང་གོ་དང་པཱ་ཞིའི་གྲོས་ཁང་གི་མཛའ་མཐུན་འགྲོ་འོང་གི་ལོ་ངོ་སུམ་ཅུའི་རྗེས་དྲན་བྱ་འགུལ་སྤེལ།
ཞུ་ཚིག་འབུལ་སྐབས་པཱ་ཞིའི་རྒྱལ་ཚོགས་པཱ་ཞི་དང་ཀྲུང་གོའི་གྲོས་མིའི་འཐབ་ཕྱོགས་ཀྱི་ཀྲུའུ་ཞི། རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གི་གྲོས་མི་ཕིས་ནཱ་ཐའོ་ཡིས་བསྟན་དོན། པཱ་ཞི་དང་ཀྲུང་གོའི་མཉམ་ལས་དེ་གཉིས་ཕན་མཉམ་རྒྱལ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་བཟོད་སྒོམ། མཉམ་རྒྱལ་བཅས་རྨང་གཞིར་བྱས་པའི་གྲོས་མོལ་དང་གྲོགས་པོའི་འབྲེལ་བ་འཚོལ་ཞིབ་བྱེད་བཞིན་ཡོད། དོན་དངོས་ལས་རྣམ་པ་དེ་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་གལ་འགངས་ཧ་ཅང་ཆེ་བ་བདེན་དཔང་བྱས་ཡོད། པཱ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་གྱི་ཕན་ཚུན་རྒྱུས་ལོན་དང་མཉམ་ལས། མཛའ་བརྩེ་བཅས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། སྔར་ལས་དར་རྒྱས་དང་ཞི་བདེའི་མ་འོངས་པ་ཞིག་གསར་བསྐྲུན་བྱེད་ཐུབ་ཟེར།
པཱ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲུའུ་ཆིན་ཆའོ་ཡིས་རྗེས་དྲན་བྱ་འགུལ་སྟེང་ཞུ་ཚིག་ཕུལ་ཏེ་བསྟན་དོན། ལོ་ངོ་སུམ་ཅུའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་སྔར་ལས་མཉམ་འདྲེས་བྱས་པ་དང་། ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་རྒྱ་བསྐྱེད་དེ། ཟོལ་མེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ཐད་ཕན་བདེ་བསྐྲུན་ཡོད། རྒྱལ་ཁབ་གཉིས་ཀྱི་ཕྱོགས་མང་རོགས་ལས་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོབ་བྱས་ནས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བའི་དམངས་གཙོ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཟེར།
དམངས་གྲོས་ཁང་པཱ་ཞི་དང་ཀྲུང་གོའི་མཛའ་འབྲེལ་ཚན་ཆུང་གི་ཀྲུའུ་ཞི་ཨ་ཨར་མཱེ་ཏཱ་ཡིས་ཞུ་ཚིག་ཕུལ་ནས་བཤད་རྒྱུར། པཱ་ཞི་དང་ཀྲུང་གོའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་རིང་ལ། མཉམ་འབྱོར་དང་རིག་གནས། ཆབ་སྲིད་བཅས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཡོད། པཱ་ཞིའི་དམངས་གྲོས་ཁང་གིས་ཁྲིམས་འཛུགས་དང་ཕྱོགས་གཉིས་ཀྱི་འགྲོ་འོང་ཐད་སྔར་ལས་ཆེ་བའི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
གཅིག་སྟོང་དགུ་བརྒྱ་དོན་བཞི་ལོའི་ཟླ་བརྒྱད་པར། ཀྲུང་གོ་དང་པཱ་ཞིའི་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་པ་དང་། པཱ་ཞིའི་དམངས་གྲོས་ཁང་པཱ་ཞི་དང་ཀྲུང་གོའི་མཛའ་འབྲེལ་ཚན་ཆུང་དེ་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་བཙུགས་པ་ཡིན་ལ། ཀྲུང་གོ་གདང་པཱ་ཞིའི་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་པའི་དུས་ལ་འཁེལ་ཡོད། ལོ་རེར་རྒྱལ་ཁབ་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་རེད། ཉིས་སྟོང་བཅུ་གཉིས་ལོར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་བ་རེད།
པཱ་ཞིའི་རྒྱལ་ཚོགས་དམངས་གྲོས་ཁང་པཱ་ཞི་དང་ཀྲུང་གོའི་མཛའ་འབྲེལ་ཚན་ཆུང་གི་ཀྲུའུ་ཞི་ཐི་ལཱ་ཏི་དང་པཱ་ཞིའི་འབྲེལ་ཡོད་པུའུ་ཨུའི་འཐུས་མི། རྒྱལ་ཚོགས་མཛའ་འབྲེལ་ཚན་ཆུང་གི་ཁོངས་མི། པཱ་ཞི་རུ་སྡོད་པའི་འཐུས་ཚབ་ཚོགས་པ། ཕྱི་སྡོད་རང་མིའི་འཐུས་མི་སོགས་མི་བརྒྱ་དང་ལྔ་བཅུ་ཐེངས་འདིའི་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།