ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་ལའེ་ཝེ་ཚི་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལའེ་ཝེ་ཚི་ཡིས་ཉིན་དེར་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཐང་སུང་ཀིན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱེད་སྐབས་བསྟན་དོན། ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་ཅིང་། ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ལ། མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཐང་སུང་ཀིན་གྱིས་བསྟན་དོན། ཀྲུང་གོ་དང་ལཱ་ཐའོ་ཝེ་ཡཱའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་འགྲོ་འོང་དང་དཔལ་འབྱོར་མཉམ་ལས་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལས་འགན་དང་ཐབས་ལམ་ལ་སྐུལ་འདེད་གཏོང་རྒྱུ་གསལ་བོ་བྱས་ཡོད། ལཱ་ཐའོ་ཝེ་ཡཱ་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་། མཉམ་དུ་ཕྱོགས་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།