ཚོགས་ཡུན་ཉིན་གཉིས་ཡིན་པའི་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་གཉིས་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་ཚོགས་མགོ་བརྩམས། རྒྱལ་ཁབ་མང་བོའི་མགོ་གཙོ་དང་སྲིད་གཞུང་གི་གཙོ་འཛིན། རྒྱལ་སྤྱིའི་རྩ་འཛུགས་གལ་ཆེན། རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས་ཀྱི་འགན་འཁུར་མི་སྣ་སོགས་གྲོས་ཚོགས་ལ་ཞུགས་ཏེ། ནམ་ཟླའི་སྐྱེ་ཁམས་འགུལ་སྐྱོད་དང་རྒྱལ་སྤྱིའི་དངུལ་ལོར་མ་ལག་བཅོས་བསྒྱུར་གྱི་ད་ལྟའི་གནས་ཚུལ་དང་མདུན་ལྗོངས་ལ་གྲོས་བསྡུར་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་བར་རེ་བཞིན་ཡོད།
མཐོ་རིམ་གྲོས་ཚོགས་ཀྱི་གཙོ་སྒྲུབ་རྒྱལ་ཁབ་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། ད་ལྟའི་རྒྱལ་སྤྱིའི་དངུལ་ལོར་མ་ལག་ནི་ཐུན་མོང་ལྟ་ཚུལ་རྙིང་བའི་མཇུག་འབྲེལ་ཡིན་པ་དང་། དེས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཀྱང་། རིམ་བཞིན་གནས་བབ་གསར་བར་མི་འཚམ་པས་ངེས་པར་དུ་ལེགས་བཅོས་བྱས་ནས། མཇུག་མཐར་འཛམ་གླིང་ཡོངས་ཀྱི་དངུལ་གསོག་ཆིངས་ཡིག་གསར་བ་ཞིག་འགོད་དགོས་ཟེར།
མཱ་ཁི་ལུང་གིས་དོན་དེའི་ཐད་ནས། དབུལ་སེལ་དང་སའི་གོ་ལའི་སྲུང་སྐྱོབ་ལས་གཉིས་གཅིག་འདེམས་བྱེད་མི་རུང་བ་དང་། ཞོར་དུ་མཉམ་འཛིན་བེད་དགོས་པ་དང་། རྣམ་སྣ་གཅིག་མ་ཡིན་པས། རྒྱལ་ཁབ་སོ་སོས་རང་ཉིད་ལ་འཚམ་པའི་བགྲོད་ལམ་གདམ་གསེས་བྱེད་པའི་དབང་ཆ་ཡོད་པ། སྤྱི་བའི་དངུལ་ལོར་ལེགས་བཅོས་བྱས་ཏེ་དབུལ་སེལ་དང་ནམ་ཟླ། སྐྱེ་ཁམས་བཅས་ཀྱི་དངུལ་གསོག་ལ་ཤུགས་སྣོན་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་སྒེར་གཉེར་ཁྱབ་ཁོངས་ལ་སྐུལ་སློང་བྱས་ཏེ་སྔར་ལས་མང་བོའི་མ་དངུལ་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོར་བརྗོད་དོན་གཙོ་བོ་དྲུག་འདུས་ཡོད་ཅིང་། ཕྱོགས་མང་བོའི་དངུལ་ཁང་འཕེལ་རྒྱས་དང་ལྷད་མེད་མཉམ་ལས། དངུལ་བུན་དང་དམིགས་བསལ་གྱི་དངུལ་ལེན་དབང་ཆ། སྒེར་གཉེར་ཁྱབ་ཁོངས། དངུལ་ལོར་གསར་གཏོད་ཡོ་བྱད། ཆ་འཕྲིན་གཞི་གྲངས་སོགས་ལ་ཁེབས་ཡོད། དེ་ལས་གཞན་ད་རུང་དུས་མཉམ་དུ་སྤེལ་བའི་བྱ་འགུལ་སྣ་བརྒྱད་ཅུ་ལྷག་ཡོད།
ན་ནིང་ཟླ་བཅུ་གཅིག་པར་སྤེལ་བའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་པཱ་ལི་གླིང་ཕྲན་གྱི་མཐོ་རིམ་གྲོས་ཚོགས་སྟེང་། མཱ་ཁི་ལུང་གིས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་བཏོན་པ་རེད། ཁོས་སྐབས་ཐོག་དེར་གཏམ་བཤད་སྤེལ་སྐབས་བཤད་རྒྱུ། ང་ཚོ་ནམ་ཟླའི་བྲེལ་མྱུར་དུས་སྐབས་སུ་བསླེབས་ལ་ཉེ་ཡང་། ད་ཡོད་ཀྱི་རྒྱལ་སྤྱིའི་དངུལ་ལོར་སྒྲིག་སྲོལ་ལས་དེ་བསམ་བློ་གཏོང་སའི་གནད་དོན་གྱི་གྲས་སུ་བཞག་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།