ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་རང་འགུལ་གྱིས་ཕྱིར་རྒོལ་བྱས་པར་ཕམ་ཉེས་ཆེན་པོ་བྱུང་ཡོད་ཟེར། ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་ཉིན་དེར་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡང་བསྐྱར་ཝུའུ་ཁི་ལན་ལ་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་མགོ་འཛིན་བྱས་ཏེ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། ཝུའུ་ཁི་ལན་གྱིས་རང་འགུལ་གྱིས་ཕྱིར་རྒོལ་བྱས་པའི་ཚུན་གྱི་ཕམ་ཉེས་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན། ཁོས་སྙན་ཞུར་ཉན་རྗེས་བསྟན་དོན། ཝུའུ་ཁི་ལན་དམག་དཔུང་གི་འཐབ་འཁྲུག་ཕམ་ཉེས་གནས་ཚུལ་ལས། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཝུའུ་ཁི་ལན་གྱི་མི་གཅིག་ལྷག་ཡོད་ཀྱང་ཨུ་རུ་སིའི་བར་འཐབ་རྩོད་བྱེད་འདོད་ཡོད་པ་གསལ་བཤད་བྱེད་ཐུབ་ཟེར། ཁོས་ནན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་དཔུང་འཇུག་སྦས་ཤུགས་ད་རུང་འཛད་མེད་པ་དང་། འཐབ་ཇུས་སྒྲིག་ཆས་སྐོར་ཞིག་ད་རུང་བེད་སྤྱོད་བཏང་མེད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་ཚོགས་ཐོག་ནས་བསྟན་དོན། ཝུའུ་ཁི་ལན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཕྱིར་རྒོལ་བྱས་པར་ཕམ་ཉེས་བྱུང་བའི་ཚུན་ལ་གྱོང་གུད་ཚབས་ཆེན་བྱུང་ཡོད་ལ། འགུལ་སྐྱོད་ཀྱི་ཚད་ཇེ་དམའ་རུ་སོང་ཡོད་པ་དང་མིག་སྔར་ཡང་བསྐྱར་གཅིག་འདུས་བྱེད་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་རྗེས་གྲབས་དམག་དཔུང་སྒྲིག་འཛུགས་བྱེད་བཞིན་ཡོད་པ་དང་། གན་རྒྱའི་དམག་མི་འབུམ་གཅིག་དང་ཁྲི་གཅིག་སྟོང་བཞི་བསྡུས་པ་དང་། དང་བླངས་དམག་ཁྲི་ལྔ་དང་སྟོང་གཉིས་བསྡུས་ཡོད་ལ། རྩ་འཛུགས་བྱ་བ་ཟླ་དྲུག་པའི་ཟླ་མཇུག་གི་སྔོན་ལ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་ལ་འདོན་སྤྲོད་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྒྲིག་ཆས་མང་ཆེ་བ་རབས་རྙིང་བའི་མཚོན་ཆ་ཡིན་པས། ཨུ་རུ་སིའི་དྲག་ཆས་དམག་དཔུང་ལ་འཇིགས་ཉེན་ཐེབས་མི་སྲིད་ཟེར།
ཝུའུ་ཁི་ལན་གྱིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཉིན་དེར་ཡང་བསྐྱར་ཝུའུ་ཁི་ལན་ལ་ཡོ་སྒོར་འབུམ་གཅིག་དང་ཁྲི་ལྔའི་ཆེ་མཐོང་དངུལ་ལོར་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ཝུའུ་ཁི་ལན་གྱི་རྨང་གཞིའི་སྒྲིག་ཆས་ཀྱི་འཁོར་སྐྱོད་ལ་རོགས་རམ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁུའུ་ལེ་པཱ་ཡིས་ཚེས་ཉེར་གཉིས་ཉིན་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ཝེ་ཨར་ཉིག་སི་མཐོ་རིམ་གྲོས་ཚོགས་ཀྱི་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་མདུན་ལྗོངས་སྐོར་གྱི་ཆོད་དོན་གྱི་ནང་དོན་ལ་གྲོས་བསྡུར་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།