ཕཱ་ཁི་སི་ཐན་གྱིས་བྱ་འགུལ་སྤེལ་ཏེ་ཀྲུང་གོ་དང་པཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བཙུགས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
2023.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས། ཕཱ་ཁི་སི་ཐན་གྱི་འཆར་འགོད་དང་འཕེལ་རྒྱས། དམིགས་བསལ་ལས་གཞིའི་པུའུ་ཀྲང་དབྱེ་ཁི་པཱ་ཨར་གྱིས་བྱ་འགུལ་སྤེལ་སའི་ཡུལ་དངོས་སུ་ཞུ་ཚིག་ཕུལ།

ཕཱ་ཁི་སི་ཐན་གྱི་འཆར་འགོད་དང་འཕེལ་རྒྱས། དམིགས་བསལ་ལས་གཞིའི་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་པཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་བཙུགས་ནས་ལོ་ངོ་བཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་དེ་ཚེས་ཉེར་གཉིས་ཉིན་ཕཱ་ཁི་སི་ཐན་གྱི་རྒྱལ་ས་དབྱི་སི་ལན་པའོ་ནས་སྤེལ་མགོ་བརྩམས།

ཕཱ་ཁི་སི་ཐན་གྱི་འཆར་འགོད་དང་འཕེལ་རྒྱས། དམིགས་བསལ་ལས་གཞིའི་པུའུ་ཀྲང་དབྱེ་ཁི་པཱ་ཨར་གྱིས་ཞུ་ཚིག་ཕུལ་ཏེ་བཤད་རྒྱུར། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ལས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་རྒྱལ། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་མིག་དཔེ་བཅས་གསལ་བོར་བསྟན་ཡོད། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱིས་ཕཱ་ཁི་སི་ཐན་དང་ཀྲུང་གོའི་སྲོལ་རྒྱུན་གྱི་ཆབ་སྲིད་ཡིད་ཆེས་ཀྱི་རྨང་གཞིའི་སྟེང་། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་གྲོས་གཞིའི་འོག ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་དེས་ས་དེའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་སྟོབས་ཤུགས་བཏོན་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ཡོད་ཟེར།

དབྱི་ཁི་པཱ་ཨར་གྱིས་བྱ་འགུལ་སྤེལ་སྐབས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་ཀྲུང་གོའི་འཛུགས་སྐྲུན་མཁན་རྣམས་ལ་བཀའ་དྲིན་ཞུས་པ་དང་གུས་སེམས་བསྟན། ཁོས་བཤད་རྒྱུར། ཀྲུང་གོའི་བཟོ་བ་དང་བཟོ་སྐྲུན་མཁན། དོ་དམ་མཁན་བཅས་ཁྲི་སྟོང་མང་བོ་ཕཱ་ཁི་སི་ཐན་དུ་ཡོང་ནས། ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་འཛུགས་སྐྲུན་ལ་ལེགས་འགྲུབ་འབྱུང་བའི་འགན་སྲུང་གལ་ཆེན་དུ་གཡུར་ཡོད། ཕཱ་ཁི་སི་ཐན་མི་དམངས་ཀྱིས་དུས་གཏན་དུ་ཁོ་ཚོའི་བྱས་རྗེས་བརྗེད་མི་སྲིད་ཟེར།

དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་ལ་ཞུགས་པའི་ཀྲུང་གོ་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་མི་སྣས་ཀྲུང་གོ་དང་ཕཱ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་གྲུབ་འབྲས་མཚམས་སྦྱོར་བྱེད་པའི་དངོས་བྲིས་གློག་བརྙན་ལ་བལྟས་པ་དང་། བྱ་འགུལ་སྤེལ་སྐབས་ཕཱ་ཁི་སི་ཐན་གྱི་ན་ཆུང་བྱིས་པ་དག་གིས་ད་རུང་ཀྲུང་གོའི་ཁྱད་ཆོས་ཀྱིས་ཕྱུག་པའི་ཞབས་བྲོ་དང་གླུ་གར་གྱི་ལེ་ཚན་འཁྲབ་སྟོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།