ནེ་པཱ་ལཱའི་ཙུང་ལི་ཡིས་གྲངས་ལྡན་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་ཚུལ་བསྟན།
2023.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དྲུག་པའི་ཚེས་ཉེར་གསུམ་ཉིན། ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་ཀ་ཏུ་མན་ཏུའུ་ནས་གྲངས་ལྡན་ནེ་པཱ་ལཱའི་ཚོགས་ཆེན་སྟེང་ཞུ་ཚིག་ཕུལ།

ནེ་པཱ་ལཱའི་ཙུང་ལི་ཕུའུ་ལཱ་ཁྲང་ཏཱ་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། རྒྱལ་ཁབ་དེའི་སྲིད་གཞུང་གིས་གྲངས་ལྡན་དཔལ་འབྱོར་དང་གྲངས་ལྡན་ཞབས་ཞུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པར་སྐུལ་མ་གཏོང་བཞིན་ཡོད་ཅིང་། གྲངས་ལྡན་གསར་གཏོད་དང་འཇོན་མིའི་གསོ་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་གྲངས་ལྡན་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཕུའུ་ལཱ་ཁྲང་ཏཱ་ཡིས་ཉིན་དེར་ཀ་ཏི་མན་ཏུའུ་ནས་སྤེལ་བའི་གྲངས་ལྡན་ནེ་པཱ་ལཱའི་ཚོགས་ཆེན་སྟེང་ཞུ་ཚིག་ཕུལ་ཏེ། ནེ་པཱ་ལཱའི་སྲིད་གཞུང་གིས་འཕེལ་རྒྱས་སྔོན་རྩིས་ཀྱི་བརྒྱ་ཆའི་གཅིག་བཀོལ་ནས་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་ལོ་གཅིག་རིང་གསར་གཏོད་ཁེ་ལས་དག་གིས་རྒྱལ་ནང་ལ་མཁོ་བའི་སྲ་ཆས་དང་མཉེན་ཆས་གསར་སྤེལ་བྱེད་པའི་སྐུལ་མ་བཏང་ཡོད་ཟེར། དེ་ལས་གཞན་ནེ་པཱ་ལཱའི་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཀུང་ཟིས་ཐད་ཀར་དུ་ནེ་པཱ་ལཱའི་ཆ་འཕྲིན་དང་འཕྲིན་གཏོང་ལག་རྩལ་ལས་རིགས་ལ་མ་དངུལ་གཏོང་བའི་ཆེས་དམའ་བའི་འབོར་གྲངས་ནེ་པཱ་ལཱའི་སྒོར་མོ་བྱེ་བ་གཉིས་ལ་ཇེ་དམའ་རུ་བཏང་ཡོད་པ་དང་། ལས་རིགས་གཞན་པའི་ཆེས་དམའ་བའི་དངུལ་གཏོང་འབོར་གྲངས་ཀྱི་ཚད་ནེ་པཱ་ལཱའི་སྒོར་མོ་བྱེ་བ་ལྔ་རེད

ཕུའུ་ལཱ་ཁྲང་ཏཱ་ཡིས་ད་རུང་བསྟན་དོན། སྲིད་གཞུང་གསར་བས་གྲངས་ལྡན་བཅོས་སྐྱོང་ནུས་པ་མཐོར་འདེགས་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཅིང་། ས་ཚིགས་གཅིག་ནས་ཐག་གཅོད་བྱེད་པ་དང་། གྲངས་ལྡན་བརྗེ་སྤོར་སྟེགས་བུའི་ཞབས་ཞུ་བཏོན་ནས་སྲིད་གཞུང་གི་གྲངས་ལྡན་ཞབས་ཞུ་ལེགས་སྒྲིག་བྱེད་རྒྱུ་ཡིན་ཟེར།

ཚོགས་ཡུན་ཉིན་གཉིས་ཡིན་པའི་གྲངས་ལྡན་ནེ་པཱ་ལཱའི་ཚོགས་ཆེན་དེ་ནི་ཧྭ་ཝེའི་ནེ་པཱ་ལཱ་ཀུང་ཟིས་སྤེལ་བ་ཡིན་ལ། གྲོས་ཚོགས་ནས་ནེ་པཱ་ལཱའི་གྲངས་ལྡན་ལག་རྩལ་ཐད་ནས་བླངས་པའི་གྲུབ་འབྲས་དང་འཕེལ་རྒྱས་སྦས་ཤུགས་ལ་གྲོས་བསྡུར་བྱེད་པ་རེད། ཧྭ་ཝེའི་ཨེ་ཤ་ཡཱ་ལྷོ་མ་ས་ཁོངས་ཀྱི་འཐུས་མིའི་ཁྲུའུ་ཡི་ཙུང་ཚེ་ཕན་ཅུན་ཧྥུན་གྱིས་བསྟན་དོན། ཧྭ་ཝེའི་ནེ་པཱ་ལཱ་ཀུང་ཟིས་མུ་མཐུད་དུ་ནེ་པཱ་ལཱར་རོགས་རམ་བྱས་ཏེ་གྲངས་ལྡན་ཅན་དང་རིག་ནུས་ཅན་མངོན་འགྱུར་བྱས་ནས། ཧུར་ཐག་སྒོས་ནེ་པཱ་ལཱའི་མང་ཚོགས་ལ་མགྱོགས་མྱུར་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་རེད།



བསོད་ནམས་ཚེ་རིང་གིས་བསྒྱུར།