མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་ཀྱི་གྲོས་ཞིབ་ཐེངས་བརྒྱད་པས་གྲོས་ཆོད་བཀོད།
2023.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་ཀྱི་གྲོས་ཞིབ་ཐེངས་བརྒྱད་པས་གྲོས་ཆོད་བཀོད་དེ། དོ་མཉམ་གྱིས་འཐབ་ཇུས་གཙོ་བོ་བཞི་ལག་བསྟར་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཆོད་ལས་གཅིག་གྱུར་དོ་མཉམ་སྒོས་འཐབ་ཇུས་གལ་ཆེན་ཚང་མ་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་པ་དང་། ལྡབ་འགྱུར་གྱིས་འབད་བརྩོན་བྱས་ནས་འཐབ་ཇུས་གཙོ་བོ་དེ་དག་ཚང་མར་དོ་སྣང་བྱེད་པ་དང་། དོ་མཉམ་གྱིས་ལག་བསྟར་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དང་མཉམ་འབྲེལ་རྒྱལ་ཚོགས། འབྲེལ་ཡོད་ཀྱི་རྒྱལ་སྤྱི་དང་ས་ཁོངས། ས་ཁོངས་ཕལ་བ་བཅས་ཀྱི་རྩ་འཛུགས་ཀྱིས་མྱུར་མོར་འབད་འབུངས་བྱས་ཏེ་དོ་མཉམ་དང་གཅིག་གྱུར་སྒོས་འཐབ་ཇུས་ཚང་མ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། གྲོས་ཆོད་ལས་ད་ཡོད་ཀྱི་རྒྱལ་སྤྱིའི་འཇིགས་སྐུལ་ངོ་རྒོལ་སྤྱི་ཆིངས་དང་གྲོས་ཆོད་ཡི་གེའི་ནང་ཞུགས་པའི་རྒྱལ་ཁབ་དག་དུས་ལྟར་ཞུགས་དགོས་པའི་སྐུལ་མ་བཏང་བ་དང་། རྒྱལ་ཁབ་ཚང་མས་ནུས་པ་གང་ཡོད་བཏོན་ནས་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ཀྱི་ཕྱོགས་ཡོངས་ཀྱི་སྤྱི་ཆིངས་ཤིག་འགོད་དགོས་པའི་སྐུལ་མ་བཏང་། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཉིས་སྟོང་ཉེར་དྲུག་ལོའི་ཟླ་གཉིས་པའི་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་སྙན་ཞུ་ཞིག་སྤྲད་དེ། འཐབ་ཇུས་ཀྱི་ལག་བསྟར་གནས་ཚུལ་ལ་གསལ་བཤད་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཆོད་ལས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཆེས་ཕྱིས་ན་ཉིས་སྟོང་ཉེར་དྲུག་ལོའི་ཟླ་དྲུག་པར་དྲུང་ཡིག་ཆེན་མོའི་སྙན་ཞུ་དང་འཐབ་ཇུས་ལག་བསྟར་གནས་ཚུལ་ལ་དཔྱད་ཞིབ་བྱེད་དགོས་པར་མ་ཟད། གནས་ཚུལ་ལ་གཞིགས་ནས་བཟོ་བཅོས་བྱེད་པར་བསམ་བློ་གཏོང་དགོས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་དེ་ཉིས་སྟོང་དྲུག་ལོར་གཏན་འབེབས་བྱས་ཤིང་། ལོ་གཉིས་རེའི་ནང་ལག་བསྟར་གནས་ཚུལ་ལ་གྲོས་ཞིབ་ཐེངས་རེ་བྱེད་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ངོ་རྒོལ་འཐབ་ཇུས་ཀྱི་བྱེད་ཐབས་གཙོ་བོ་བཞི་ནི། འཇིགས་སྐུལ་རིང་ལུགས་ཁ་དར་བའི་ཆ་རྐྱེན་མེད་པར་གཏོང་བའི་བྱེད་ཐབས་དང་། འཇིགས་སྐུལ་རིང་ལུགས་སྔོན་འགོག་དང་དེར་ཆམ་ཕབ་གཏོང་བའི་བྱེད་ཐབས། རྒྱལ་ཁབ་སོ་སོའི་འཇིགས་སྐུལ་རིང་ལུགས་སྔོན་འགོག་དང་དེར་ཆམ་ཕབ་གཏོང་བའི་ནུས་པའི་འཛུགས་སྐྲུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལག་ནུས་པར་ཤུགས་སྣོན་པའི་བྱེད་ཐབས། འགྲོ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་ཁྲིམས་སྐྱོང་ལག་བསྟར་བྱས་ཏེ་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་རྩོད་རྨང་གཞིར་འགན་སྲུང་བྱེད་པའི་བྱེད་ཐབས་བཅས་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།