སེ་ར་ལེ་ཨང་གིས་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ།
2023.06.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

སེ་ར་ལེ་ཨང་གིས་ཚེས་ཉེར་བཞི་ཉིན་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བ་དང་། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་འདེམ་དམངས་ས་ཡ་གསུམ་དང་འབུམ་གསུམ་ལྷག་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས།

ཐེངས་འདིའི་འདེམ་བསྐོ་ནི་སེ་ར་ལེ་ཨང་གི་ནང་འཁྲུག་དེ་ཉིས་སྟོང་གཉིས་ལོར་མཇུག་སྒྲིལ་བའི་ཚུན་གྱི་འདེམ་བསྐོའི་བྱ་འགུལ་ཆེན་མོ་ཐེངས་ལྔ་བ་ཡིན་པ་དང་། བསྡོམས་པས་སྲིད་ཏང་བཅུ་གསུམ་འགྲན་རྩོད་ལ་ཞུགས་ཡོད། ཙུང་ཐུང་གི་ལས་འགན་རྩོད་ལེན་དེ་གཙོ་བོ་ད་ལྟའི་ཙུང་ཐུང་། སེ་ར་ལེ་ཨང་མི་དམངས་ཏང་གི་འདེམ་སྒུག་པ་ཀྲུའུ་ལེ་ཡེ་སི་མཱ་ཏཱ་ཨོ་པུས་དང་། ཆེས་ཆེ་བའི་ངོ་རྒོལ་ཏང་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གི་འདེམ་སྒུག་པ་སཱ་མུའུ་ལཱ་ཁཱ་མཱ་ལཱ་གཉིས་ཀྱི་བར་དུ་སྤེལ་བཞིན་ཡོད་ལ། དེ་ནི་ཁོ་གཉིས་ཀྱིས་ཉིས་སྟོང་བཅོ་བརྒྱད་ལོའི་འདེམ་བསྐོའི་ཆེན་མོའི་ཚུན་གྱི་འགྲན་རྩོད་ཐེངས་གཉིས་པ་རེད།

སེ་ར་ལེ་ཨང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་འདེམ་ཤོག་འཕེན་ས་ཁྲི་གཅིག་དང་སྟོང་གཅིག་ལྷག་བཀོད་སྒྲིག་བྱས་ཡོད་པ་དང་། འདེམ་ཤོག་འཕེན་པའི་བྱ་འགུལ་དེ་ཞོགས་པའི་དུས་ཚོད་བདུན་ནས་མགོ་བརྩམས་པ་དང་ཕྱི་དྲོའི་དུས་ཚོད་ལྔའི་སྟེང་མཇུག་སྒྲིལ་རྒྱུ་རེད། ཚོད་དཔག་བྱས་ན་གཟའ་འཁོར་གཅིག་གི་ནང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད། གལ་ཏེ་ཙུང་ཐུང་གི་འདེམ་སྒུག་པ་གང་རུང་ལ་བརྒྱ་ཆའི་ང་ལྔའི་ཡན་གྱི་འདེམ་ཤོག་ཐོབ་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།