བྷང་ག་ལཱའི་དབུས་ཕྱོགས་ས་ཁུལ་གྱི་ཧྥུའུ་ལི་ཏི་པུའུ་ཨར་ནས་ཚེས་ཉེར་བཞི་ཉིན་གྱི་སྔ་དྲོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར།
ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བདེན་དཔང་བྱས་དོན། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལམ་དུ་བགྲོད་སྐབས་གློ་བུར་དུ་ཚོད་འཛིན་བྱེད་ཐབས་བྲལ་ནས། མྱུར་བགྲོད་གཞུང་ལམ་གྱི་བར་བཅད་ལ་ཐོ་བརྒྱབ་རྗེས་འགས་གཏོར་བྱུང་ནས་མེར་འབར་བ་དང་། རླངས་འཁོར་སྟེང་གི་མི་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར།
བྷང་ག་ལཱ་རྒྱལ་ཁབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ཅིང་། ལམ་མི་བདེ་དང་རླངས་འཁོར་མི་བཟང་བ། ཁ་ལོ་བས་འགྲིམ་འགྲུལ་སྒྲིག་ལམ་མི་བརྩི་བ། འགྲིམ་འགྲུལ་སྡེ་ཁག་གིས་ལྟ་རྟོག་དོ་དམ་མི་བྱེད་པ་བཅས་ནི་འགྲིམ་འགྲུལ་དོན་རྐྱེན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།