ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་ཉེར་བཞི་ཉིན་གྱི་དགོང་མོར་བསྟན་དོན། ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིན་དེའི་སྔ་དྲོར་ཁར་པར་གྲོས་མོལ་བྱས་ཤིང་། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་ཝ་ཀི་ནཱ་གླས་དམག་སྡེ་ཚོགས་ཀྱི་དོན་རྐྱེན་ལ་བར་འདུམ་བྱས་ཏེ། མཇུག་མཐའི་དམིགས་འབེན་ནི་ནང་ཁུལ་གྱི་ངོ་རྒོལ་བྱ་སྤྱོད་སྔོན་འགོག་བྱེད་ཆེད་རེད་ཟེར།
ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་མཐུན་སྦྱོར་བྱས་པའི་མཇུག་འབྲས་ལྟར་ན། ཝ་ཀི་གླས་དམག་དག་ཕྱིར་རང་གི་སྒར་སར་ལོག་རྒྱུ་ཡིན་པ་དང་། ཝ་ཀི་ནཱ་གླས་དམག་སྡེ་ཚོགས་ཀྱི་སྲོལ་འབྱེད་མཁན་ཕུའུ་ལི་ཀི་རིན་གྱི་ཉེས་དོན་གྱོད་དོན་ཐོ་འགོད་རྩིས་མེད་དུ་བཏང་ནས། ཕུའུ་ལི་ཀི་རིན་ཨུ་རུ་སི་དཀར་པོར་འགྲོ་རྒྱུ་རེད། ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཚེས་ཉེར་བཞི་ཉིན་ངོ་ལོག་ཟིང་འཁྲུག་འགུལ་སྐྱོད་དབང་གིས་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་དེ་ཉེ་སྔོན་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར།
ཨུ་རུ་སིའི་ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཝ་ཀི་ནཱ་གླས་དམག་སྡེ་ཚོགས་ཀྱི་མི་སྣ་དང་དེའི་དམག་དོན་སྒྲིག་ཆས་ཆེ་གྲས་ཚང་མ་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་ཏོན་ཧི་ཆུ་བོའི་འགྲམ་གྱི་ལོ་སི་ཐའོ་ཧྥུའུ་ནས་ཕྱིར་འཐེན་བྱས་ཡོད་ཟེར།
ལོ་སི་ཐའོ་ཧྥུའུ་མངའ་སྡེའི་མགོ་བ་ཀི་ལུའུ་པེ་ཧྥུའུ་ཡིས་གནས་ཚུལ་དེ་བདེན་དཔང་བྱས་ཡོད། ཏོན་ཧི་ཆུ་བོའི་འགྲམ་གྱི་ལོ་སི་ཐའོ་ཧྥུའུ་ནི་ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་གྱི་སྤྱི་ཁྱབ་པུའུ་ཡོད་ས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།