དམངས་གཙོ་གསར་བའི་ཏང་ལ་ཞི་ལཱའི་སྐོར་ཐེངས་གཉིས་པའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ།
2023.06.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཞི་ལཱ་ཡིས་ཚེས་ཉེར་ལྔ་ཉིན་སྐོར་ཐེངས་གཉིས་པའི་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ། ཞི་ལཱའི་ནང་སྲིད་པུའུ་ཡིས་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་ཁྱབ་བསྒྲགས་བྱས་པའི་བརྒྱ་ཆའི་གོ་བདུན་དང་གྲངས་ཆུང་དགུ་བདུན་གྱི་འདེམ་ཤོག་གི་ཐོ་འགོད་མཇུག་འབྲས་ལས་མངོན་པ་ལྟར་ན། དམངས་གཙོ་གསར་བའི་ཏང་ལ་བརྒྱ་ཆའི་བཞི་བཅུ་དང་གྲངས་ཆུང་ལྔ་དྲུག་གི་འདེམ་ཤོག་ཐོབ་ནས་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་དང་། གྲོས་ཁང་གི་ལས་གནས་སུམ་བརྒྱའི་ཁྲོད་ཀྱི་བརྒྱ་དང་ང་བརྒྱད་ཐོབ་ཡོད་པ་རེད།

བསྡོམས་རྩིས་མཇུག་འབྲས་ལས་མངོན་པ་ལྟར་ན། ཨང་གཉིས་པ་ནི་སྐུལ་སྤེལ་གཡོན་ཕྱོགས་མནའ་འབྲེལ་ལ་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་བརྒྱད་གསུམ་གྱི་འདེམ་ཤོག་ཐོབ་ཡོད་པ་དང་། ལས་གནས་ཞེ་བརྒྱད་ཐོབ་ཡོད། ཨང་གསུམ་པ་ཞི་ལཱ་སྤྱི་ཚོགས་རིང་ལུགས་ལས་འགུལ་ལ་བརྒྱ་ཆའི་བཅུ་གཅིག་དང་གྲངས་ཆུང་བརྒྱད་དྲུག་གི་འདེམ་ཤོག་ཐོབ་ཡོད་པ་དང་། ལས་གནས་སོ་གཉིས་ཐོབ་ཡོད། གཞན་ཡང་སྲིད་ཏང་ལྔའི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་གསུམ་ལས་བརྒལ་ཡོད་པས་གྲོས་ཁང་ལ་ཞུགས་ཐུབ་པ་བྱུང་ཡོད།

ཞི་ལཱའི་ཙུང་ཐུང་སཱ་ཁི་ལཱ་ལོ་ཕུའུ་ལུའུ་ཡིས་ཚེས་ཉེར་དྲུག་ཉིན་དམངས་གཙོ་གསར་བའི་ཏང་གི་མགོ་ཁྲིད་པ། སྐབས་སྔོན་མའི་སྲིད་གཞུང་གི་ཙུང་ལི་མུས་ཙོ་ཐཱ་ཅི་སི་ལ་སྐབས་གསར་བའི་སྲིད་གཞུང་རྩ་འཛུགས་བྱེད་པའི་དབང་ཆ་སྟེར་རྒྱུ་རེད།

མཇུག་འབྲས་ཁྱབ་བསྒྲགས་བྱས་དོན། མུས་ཙོ་ཐཱ་ཅི་སི་ཡིས་དམངས་གཙོ་གསར་བའི་ཏང་ལ་རྒྱལ་ཁ་ཐོབ་པར་དགའ་བསུ་ཞུས་པ་དང་། ཐེངས་འདིའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལས་ཏང་ཁག་དེར་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད་པ་གསལ་བོ་ཡིན་ལ། ཞི་ལཱ་ལ་མཁོ་བའི་བཅོས་བསྒྱུར་བགྲོད་ལམ་སྟེང་འཕེལ་རྒྱས་མགྱོགས་པོ་འབྱུང་བར་བྱེད་དགོས་པར་འདོད། འགན་ཡུན་གཉིས་པའི་ནང་མི་ཚང་མར་སྔར་ལས་ལྷག་པའི་དར་རྒྱས་བསྐྲུན་རྒྱུ་ཁས་ལེན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།