ཨེ་ཅིབ་དང་རྒྱ་གར་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་བྱེད་རྒྱུ་རེད།
2023.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་འཚམས་འདྲིར་ཡོང་བའི་རྒྱ་གར་གྱི་ཙུང་ལི་མའོ་ཏིས་གཉིས་ཀྱིས་ཉིན་དེར་མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུའི་ཚུལ་བསྟན།

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་དང་རྒྱ་གར་གྱི་འབྲེལ་བའི་རིམ་པ་འཕར་བ་ལས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་དཔལ་ཡོན་སྲོལ་རྒྱུན་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སེམས་འདུན་མཚོན་ཡོད་ཟེར། གསལ་སྒྲོག་ལྟར་ན། སེ་ཞི་དང་མའོ་ཏིས་གཉིས་ཀྱིས་ཚེས་ཉེར་ལྔ་ཉིན་གྲོས་མོལ་བྱེད་སྐབས་འཕྲིན་གཏོང་དང་ཆ་འཕྲིན་ལག་རྩལ། སྨན་རྫས་བཟོ་ལས། མཐོ་རིམ་སློབ་གསོ། ནུས་ཁུངས་གསར་བ། གནས་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཉོ་ཚོང་རྒྱ་བསྐྱེད་དང་རྒྱ་གར་གྱི་ཨེ་ཅིབ་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་བར་གྲོས་བསྡུར་བྱས།

མའོ་ཏིས་ཀྱིས་ཚེས་ཉེར་བཞི་ཉིན་ནས་བཟུང་ཨེ་ཅིབ་ལ་དུས་ཡུན་ཉིན་གཉིས་ཀྱི་འཚམས་འདྲི་བྱེད་མགོ་བརྩམས། གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་ནི་མའོ་ཏིས་ཀྱིས་རྒྱ་གར་གྱི་ཙུང་ལིའི་འགན་ཁུར་བའི་རྗེས་སུ་ཐོག་དང་པོར་ཨེ་ཅིབ་ཏུ་འཚམས་འདྲི་བྱས་པ་ཡིན་ལ། ཁོས་ད་རུང་སེ་ཞི་ཟླ་དགུ་བར་དྷི་ལེ་གསར་བ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།