སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་སྡོད་པའི་སི་རི་ཡཱའི་འཐུས་མི་ཧུའུ་སཱ་མུའུ་ཏེན་ཨ་ལཱ་ཡིས་ཚེས་ཉེར་ལྔ་ཉིན་ཨེ་ཅིབ་ཁེ་རོ་རུ་ཡོད་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའེ་ཐི་ལ་བསྐོ་འཇོག་ཡི་གེ་སྤྲད། ཧུའུ་སཱ་མུའུ་ཏེན་ཨ་ལཱ་ནི་སི་རི་ཡཱའི་ཉམས་ཉེན་བྱུང་བའི་རྗེས་སུ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དུ་སྡོད་པའི་སི་རི་ཡཱའི་འཐུས་མི་ཐོག་མ་རེད།
བསྒྲགས་པ་ལྟར་ན། ཧུའུ་སཱ་མུའུ་ཏེན་ཨ་ལཱ་ཡིས་བསྐོ་འཇོག་ཡེ་གེ་སྤྲད་རྗེས་གཏམ་བཤད་སྤེལ་ཏེ། སི་རི་ཡཱ་དང་ཨ་རབ་རྒྱལ་ཁབ་གཞན་པའི་བར་གྱི་མཉམ་ལས་དང་། ཐུན་མོང་གི་འགྲན་རྩོད་མཐུན་སྦྱོར་ཐག་གཅོད་བྱེད་པ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དེའི་ཐད་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པའི་གལ་ཆེན་རང་བཞིན་བཅས་ནན་བཤད་བྱས།
ཉིས་སྟོང་བཅུ་གཅིག་ལོར་སི་རི་ཡཱའི་ཉམས་ཉེན་བྱུང་བའི་རྗེས་སུ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་སི་རི་ཡཱའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་མཚམས་བཞག་པ་དང་། ཨ་རབ་རྒྱལ་ཁབ་མང་བོས་སི་རི་ཡཱ་རུ་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་རེད། ཉེ་བའི་ལོ་འགའི་རིང་ལ་སི་རི་ཡཱའི་རྒྱལ་ནང་དང་ས་ཁུལ་གྱི་གནས་བབ་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། སི་རི་ཡཱའི་སྲིད་གཞུང་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་རིམ་བཞིན་སླར་གསོ་བྱུང་། ད་ལོའི་ཟླ་ལྔ་བའི་ཚེས་བདུན་ཉིན། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་གསལ་སྒྲོག་སྤེལ་ཏེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཉིན་དེར་ཁེ་རོ་ནས་སྤེལ་བའི་པུའུ་ཀྲང་རིམ་པའི་དམིགས་བསལ་གྲོས་ཚོགས་སྟེང་དུ། སི་རི་ཡཱའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་སླར་གསོ་བྱེད་པར་འཐད་པ་ཡིན་པའི་ཆོད་དོན་སྤེལ།
བསོད་ནམས་ཚེ་རིང་གིས་བསྒྱུར།