ཨུ་རུ་སིའི་ཙུང་ལི་ཡིས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.06.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨུ་རུ་སིའི་ཙུང་ལི་མུས་ཧྲུའུ་སི་ཅིང་གིས་ཚེས་ཉེར་དྲུག་ཉིན་ཨུ་རུ་སིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨུ་རུ་སིའི་སྲིད་གཞུང་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། མུས་ཧྲུའུ་སི་ཅིང་གིས་ཉིན་དེར་ཨུ་རུ་སིའི་ཙུང་ལི་གཞོན་པ་དང་མཉམ་དུ་བསྡུས་པའི་གྲོས་ཚོགས་སྟེང་བཤད་རྒྱུར། ད་ལྟའི་ཨུ་རུ་སི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་བརྒྱུད་བཞིན་ཡོད། མིག་སྔར་ཆེས་གལ་ཆེ་བ་ནི་ཨུ་རུ་སིའི་བདག་དབང་དང་སྒེར་ཚུགས་ལ་འགན་སྲུང་བྱེད་པ་དང་། སྤྱི་དམངས་ཀྱི་བདེ་འཇགས་དང་ཕན་བདེ་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་པས། སྤྱི་ཚོགས་ཧྲིལ་བོའི་མཐུན་སྒྲིལ་དེ་ལྷག་ཏུ་གལ་འགངས་ཆེ་ཟེར།

མུས་ཧྲུའུ་སི་ཅིང་གིས་བཤད་རྒྱུར། ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམག་དོན་དང་དཔལ་འབྱོར། ཆ་འཕྲིན་འཕྲུལ་ཆས་སོགས་ཡོད་ཚད་ཨུ་རུ་སིར་དམིགས་ཡོད། ངོ་བོའི་སྟེང་ནས་བཤད་ན། དེ་ནི་རྒྱལ་ཁབ་ཀྱི་ཁེ་ཕན་ནས་མགོ་བརྩམས་ཏེ། མི་དམངས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རང་བདག་གིས་བགྲོད་ལམ་གདམ་གསེས་བྱེད་པའི་འཐབ་རྩོད་ཅིག་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།