ཕུའུ་ཅིན་གྱིས་ཨུ་རུ་སིའི་དྲག་ཆས་སྡེ་ཁག་གིས་ནང་འཁྲུག་སྔོན་འགོག་བྱས་པའི་ཚུལ་བསྟན།
2023.06.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། ཨུ་རུ་སིའི་དྲག་ཆས་དམག་དཔུང་སྡེ་ཁག་གི་མི་སྣས་ཟིང་འཁྲུག་ཞི་འཇགས་སུ་བཏང་ཡོད་ལ། དོན་དངོས་སུ་ནང་འཁྲུག་ཅིག་འབྱུང་བར་སྔོན་འགོག་བྱས་ཡོད་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་མའོ་སི་ཁོ་ནས་ཨུ་རུ་སིའི་རྒྱལ་སྲུང་པུའུ་དང་། མཉམ་འབྲེལ་རྒྱལ་ཕྲན་བདེ་འཇགས་ཅུའུ། རྒྱལ་དམངས་ཉེན་སྲུང་དམག་དཔུང་། ནང་སྲིད་པུའུ་སོགས་སྡེ་ཁག་གི་འཐུས་མིར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དྲག་ཆས་དམག་དཔུང་སྡེ་ཁག་གིས་མགྱོགས་མྱུར་དང་གནད་ལ་འཁེལ་བའི་བཀོད་སྒྲིག་ལས་རྒྱལ་ནང་གི་གནས་བབ་དེ་ཉེན་ཁའི་ཕྱོགས་སུ་འཕེལ་བར་བཀག་འགོག་བྱས་པ་དང་། མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱས་ཡོད། སྡེ་ཁག་དེ་དག་གི་མི་སྣས་ཨུ་རུ་སིའི་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་འཇགས། རང་དབང་བཅས་ལ་སྲུང་སྐྱོབ་བྱས་པ་དང་། རྒྱལ་ནང་གི་ཟིང་འཁྲུག་ཞི་འཇགས་སུ་བཏང་ནས། དོན་དངོས་སུ་ནང་འཁྲུག་ཅིག་སྔོན་འགོག་བྱས་ཡོད་ཟེར།

ཁོས་བཤད་རྒྱུར། དམག་དཔུང་སོགས་འདུས་པའི་སྡེ་ཁག་དེ་དག་གི་མི་སྣས་རྒྱལ་ཁབ་ལ་བློ་དཀར་བ་དང་འགན་ཁུར་བའི་བྱ་སྤྱོད་སྤེལ། ཁོ་ཚོའི་ཆོད་སེམས་དང་བློ་སྤོབས། དེ་མིན་ཨུ་རུ་སིའི་སྤྱི་ཚོགས་ཧྲིལ་བོའི་མཐུན་སྒྲིལ་བཅས་ཀྱིས་གནས་བབ་གཏན་འཇགས་ཡོང་བའི་ཐད་ཐག་གཅོད་རང་བཞིན་གྱི་ནུས་པ་ཆེན་པོ་ཐོན་ཡོད་ཟེར།

ཨུ་རུ་སིའི་སྒེར་གཉེར་དམག་དོན་ཚོགས་པ་ཝ་ཀི་ནཱ་རྩ་འཛུགས་ཀྱིས་ཚེས་ཉེར་གསུམ་ཉིན་གྱི་ནམ་གུང་ཟིང་འཁྲུག་ལ་ངན་སྐུལ་བྱས་ཏེ། ཨུ་རུ་སིའི་རྒྱལ་ནང་གི་གནས་བབ་ཛ་དྲག་ཏུ་གྱུར། ཚེས་ཉེར་བཞི་ཉིན་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ཝ་ཀི་ནཱ་རྩ་འཛུགས་ཀྱིས་དྲག་ཆས་ཟིང་འཁྲུག་ལ་ངན་སྐུལ་བྱས་པའི་དབང་གིས་རྩ་འཛུགས་དེའི་སྲོལ་འབྱེད་མཁན་ཕུའུ་ལི་ཀི་རིན་ལ་ཉེས་དོན་ཐོ་འགོད་བྱས་ཡོད་ཟེར། ཚེས་ཉེར་བཞི་ཉིན་གྱི་དགོང་མོར། ཕུའུ་ལི་ཀི་རིན་གྱིས་ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡི་གྲོས་གཞི་དང་ལེན་བྱས་པ་དང་། ཝ་ཀི་ནཱ་རྩ་འཛུགས་ཀྱི་ཁོངས་མིས་ཨུ་རུ་སིའི་མངའ་ཁོངས་སུ་ཟིང་ཆ་བཟོ་མཚམས་བཞག་ནས་ཕྱིར་ཐང་འཐབ་སྒར་སར་ལོག་པ་རེད། རྩ་འཛུགས་དེའི་ཁོངས་མི་དང་སྒྲིག་ཆས་ཆེ་གྲས་དག་ཚེས་ཉེར་བཞི་ཉིན་གྱི་ནམ་གུང་ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་སྤྱི་ཁྱབ་པུའུ་ཡོད་སའི་ས་ཁོངས་ནས་ཕྱིར་འཐེན་བྱས་ཡོད། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་བསྒྲགས་བྱས་དོན། ཕུའུ་ལི་ཀི་རིན་གྱི་ཉེས་དོན་གྱོད་དོན་ཐོ་འགོད་དེ་རྩིས་མེད་དུ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།