ཨུ་རུ་སིའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་གཞུང་གི་གནམ་གྲུ་ཞིག་ཚེས་ཉེར་བདུན་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཐོན་དུ་བབས་པ་དང་། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་བཤད་རྒྱུར། གནམ་གྲུ་དེ་ནི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་ལེན་དུ་སོང་བ་རེད་ཟེར།
བསྒྲགས་པ་ལྟར་ན། ས་དེའི་ཚེས་ཉེར་བདུན་ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཉེར་བདུན་སྟེང་། ཨུ་རུ་སིའི་སྲིད་གཞུང་གི་དབྱེ་ཨར-96-300རྟགས་ཅན་གྱི་གནམ་གྲུ་ཞིག་མའོ་སི་ཁོའི་ཧྥུའུ་ནོའུ་ཁི་བོ་གནམ་གྲུ་ཐང་ནས་འཕུར་བ་དང་། དུས་ཚོད་བཅུ་གཅིག་ལྷག་ལ་འཕུར་སྐྱོད་བྱས་རྗེས་ཝ་ཧྲིན་ཐོན་གྱི་ཏུའུ་ལེ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར། དབྱེ་ཨར-96-300རྟགས་ཅན་གྱི་གནམ་གྲུ་དེ་ཨུ་རུ་སིའི་དཔོན་རིགས་དང་ཁི་ལི་མུའུ་ལིན་ཕོ་བྲང་གི་གསར་འགོད་ཚོགས་པས་རྒྱུན་དུ་བེད་སྤྱོད་བྱེད་བཞིན་ཡོད།
ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་ཉེར་བདུན་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སྨྱན་བྱད་རེ་འགའ་ཨུ་རུ་སིའི་གནམ་གྲུ་ཨ་མེ་རི་ཁར་འཕུར་བར་དངངས་འཚབ་སྐྱེས་བཞིན་ཡོད་ཀྱང་། འུ་བརྗོད་བྱེད་པའི་རིན་ཐང་ཅི་ཡང་མེད། གནམ་གྲུ་དེ་ནི་ཨུ་རུ་སིའི་ཕྱི་འབྲེལ་མི་སྣ་ལེན་པའི་ཆེད་དུ་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་བཀའ་རྒྱ་བཏང་ནས་ཁོ་ཚོའི་ལོ་གསུམ་གྱི་བཀག་བསྐྱིལ་ཡུན་ཚད་ལོངས་རྗེས་ཨ་མེ་རི་ཁའི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར། དེ་ནི་མཐར་སྐྲོད་བཏང་བའི་གནད་དོན་མིན་ཡང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨ་མེ་རི་ཁར་ཡོད་པའི་ཨུ་རུ་སིའི་ལས་ཁུངས་ཀྱི་བྱ་བར་ཚོད་འཛིན་བྱེད་ཐབས་སྤྱད་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་མུས་ལེ་ཡིས་ཉིན་དེའི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨུ་རུ་སིའི་ཕྱོགས་ཀྱིས་གནམ་གྲུ་ཞིག་མངག་ནས་ཨ་མེ་རི་ཁ་རུ་བྱ་བ་བྱེད་པའི་ཨུ་རུ་སིའི་ཕྱི་འབྲེལ་དཔོན་པོ་དག་ལེན་པར་ཆོག་མཆན་བཀོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྱང་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་སྲིད་གཞུང་གིས་མངག་པའི་གནམ་གྲུས་ཨུ་རུ་སིར་སྡོད་པའི་ཕྱི་འབྲེལ་དཔོན་པོ་དག་ལེན་པར་ཆོག་མཆན་འགོད་དགོས་པའི་རེ་བ་བྱེད་བཞིན་ཡོད་ཟེར།
ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་རྗེས། ཨ་མེ་རི་ཁས་ཨུ་རུ་སིའི་ མཁའ་ཁོངས་སྒོ་རྒྱ་བསྡམས་པ་ཁྱབ་བསྒྲགས་བྱས་ཏེ། ཨུ་རུ་སིའི་གནམ་གྲུ་ཚང་མ་རང་གི་མངའ་ཁོངས་སུ་འཕུར་བར་གཏན་འགོག་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་རྗེས་སུ་གཅིག་མཐུན་གྱི་ངོ་རྒོལ་བྱེད་ཐབས་ལག་བསྟར་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།