ཡེ་མིན་སྲིད་གཞུང་གི་དཔོན་རིགས་ཤིག་གིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེར་རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཏཱ་ལེ་ཨ་ཞིང་ཆེན་གྱི་སྲིད་གཞུང་དམག་དཔུང་གི་རྟེན་གཞིར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་སྲིད་གཞུང་གི་དམག་མི་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག
མིང་བཤད་མི་འདོད་པའི་དཔོན་པོ་ཞིག་གིས་བཤད་རྒྱུར། ཏཱ་ལེ་ཨ་ཞིང་ཆེན་བྱང་ངོས་ཀྱི་དམག་དོན་རྟེན་གཞི་ཞིག་ལ་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་རྗེས་འགས་གཏོར་དྲག་པོ་བྱུང་། མི་སྣར་ཤི་རྨས་བཟོས་པ་ལས་གཞན་འཇབ་རྒོལ་དེས་ད་རུང་རྟེན་གཞིའི་ནང་གི་སྒྲིག་ཆས་གཞན་པར་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། ཁྲབ་ལྡན་འཁོར་ལོ་གཅིག་ཡོངས་སུ་གཏོར་བརླག་བཏང་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེའི་སྔ་དྲོར་ཏཱ་ལེ་ཨ་ཞིང་ཆེན་གྱི་གཡུལ་སར་འཐབ་འཛིང་མི་སྣ་ཁ་སྣོན་བྱས་ཡོད་ཟེར།
ཧུའུ་སེ་དྲག་ཆས་པས་དོན་དེའི་ཐད་ནས་མིག་སྔར་ད་རུང་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།