འཇར་པན་དམངས་ཁྲོད་ཚོགས་ཁག་གིས་ཨ་མེ་རི་ཁའི་དམག་དཔུང་གིས་ཧིན་པེན་གྲུ་ཁར་སྐམ་སར་འབུད་པའི་གྲུ་གཟིངས་དམག་དཔུང་བཀོད་སྒྲིག་བྱས་པར་ངོ་རྒོལ་བྱས།
2023.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཐུན་མོང་གསར་འགྱུར་ཁང་གིས་ཚེས་ཉེར་དགུ་ཉིན་བསྒྲགས་པ་ལྟར་ན། འཇར་པན་གྱི་དམངས་ཁྲོད་ཚོགས་ཁག་ཅིག་གིས་ཉིན་དེར་ཧྲིན་ནེ་ཁྲོན་རྫོང་ཧིན་པེན་གྲོང་ཁྱེར་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས་ཏེ། འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཧིན་པེན་གྲུ་ཁར་སྐམ་སར་འབུད་པའི་གྲུ་གཟིངས་དམག་དཔུང་བཀོད་སྒྲིག་བྱས་པར་ངོ་རྒོལ་བྱས།

ཚོགས་ཁག་དེ་ནི་ཧྲིན་ནེ་ཁྲོན་རྫོང་གི་ས་དེའི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཁྲིམས་རྩོད་པ་སོགས་ཀྱིས་གྲུབ་ཡོད། ཉིན་དེར་ཁོ་ཚོས་རེ་ཞུ་མིང་བསྡུའི་བྱ་འགུལ་མགོ་རྩོམ་རྒྱུ་ཁྱབ་བསྒྲགས་བྱས་ཏེ། འཇར་པན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་སྔོན་ཧིན་པེ་གྲུ་ཁའི་ཨ་མེ་རི་ཁའི་དམག་དོན་སྒྲིག་ཆས་ཡོད་སར་བཀོད་སྒྲིག་བྱས་པའི་སྐམ་སར་འབུད་པའི་གྲུ་གཟིངས་རུ་ཁག་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན། ཚོགས་ཁག་དེས་ཟླ་དགུ་བའི་ཚེས་སུམ་ཅུའི་སྔོན་ལ་མི་འབུམ་གཅིག་གི་མིང་བཀོད་འཚོལ་སྡུད་བྱེད་པར་བརྩོན་ལེན་བྱས་ནས། ཧིན་པེན་གྲོང་ཁྱེར་གྱི་ཧྲི་ཀྲང་ལ་སྤྲོད་རྒྱུ་རེད།

ད་ལོའི་ཟླ་དང་པོར། ཨ་མེ་རི་ཁ་དང་འཇར་པན་སྲིད་གཞུང་གིས་ཧིན་པེ་གྲུ་ཁར་ཨ་མེ་རི་ཁའི་སྐམ་སར་འབུད་པའི་གྲུ་གཟིངས་རུ་ཁག་ཅིག་བཀོད་སྒྲིག་བྱེད་པར་འཐད་པ་བྱུང་། ཟླ་བཞི་བར་དམག་དཔུང་དའི་སྐོར་ཁག་དང་པོའི་ཨ་མེ་རི་ཁའི་མི་སྣ་བཅའ་སྡོད་བྱས། འཇར་པན་འགོག་སྲུང་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རྒྱུ་ཆ་ལས་མངོན་པ་ལྟར་ན། དམག་དཔུང་དེར་རྒྱུན་སྡོད་ཨ་མེ་རི་ཁའི་དམག་མི་ཉིས་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།