ལཱ་ཐའོ་ཝེ་ཡཱའི་གྲོས་དཔོན་གྱིས་ཀྲུང་གོའི་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤེལ་བར་མཐོང་ཆེན་བྱེད་པའི་ཚུལ་བསྟན།
2023.06.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ལཱ་ཐའོ་ཝེ་ཡཱའི་གྲོས་དཔོན་སི་མུས་ཨར་ཐིན་སི་ཡིས་ཚེས་ཉེར་བརྒྱད་ཉིན་ལི་ཅཱ་ནས་ལཱ་ཐའོ་ཝེ་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་གསར་བ་ཐང་སུང་ཀིན་ལ་ཐུག་འཕྲད་བྱེད་སྐབས་བསྐྱར་སྒྲོག་བྱས་དོན། ལཱ་ཐའོ་ཝེ་ཡཱ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་བར་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྤེལ་བར་མཐོང་ཆེན་བྱས་ཏེ། ལཱ་ཐའོ་ཝེ་ཡཱའི་གྲོས་ཁང་དང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་མཉམ་ལས་བྱེད་འདོད་ཡོད་ཟེར།

ཐང་སུང་ཀིན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ལཱ་ཐའོ་ཝེ་ཡཱ་ཕྱོགས་དང་མཉམ་དུ། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་བྱས་ན། རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བར་ཕན་པར་མ་ཟད་ཀྲུང་གོ་དང་ལཱ་ཐའོ་ཝེ་ཡཱའི་འབྲེལ་བར་སྐུལ་འདེད་གཏོང་ཐུབ་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།