ཧྥ་རན་སི་སྲིད་གཞུང་གིས་བྱེད་སྒོ་ཆེ་གྲས་ཁག་མེད་པར་བཟོས་ནས་རྒྱལ་ཡོངས་ཀྱི་ཟིང་ཆར་ཁ་གཏད་འཇལ་རྒྱུ་ཁྱབ་བསྒྲགས་བྱས།
2023.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཧྥ་རན་སི་ཙུང་ལིའི་ལས་ཤག་གིས་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་བྱེད་སྒོ་ཆེ་གྲས་ཁག་ཚང་མ་མེད་པར་བཟོས་ནས། མུ་མཐུད་དུ་གང་སར་ཁྱབ་པའི་ཟིང་ཆར་ཁ་གཏད་འཇལ་རྒྱུ་གཏན་འབེབས་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས། ཉིན་དེར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཐབས་ཤེས་གང་ཡོད་བཏོན་ནས་རྒྱལ་ཁབ་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།

ཉིན་དེར་ཧྥ་རན་སི་ཙུང་ལིའི་ལས་ཤག་གིས་སྨྱན་བྱེད་ལ་ས་གནས་དེ་གའི་གནས་ཚུལ་དངོས་ལ་གཞིགས་ནས། སྤྱི་པའི་སྒྲིག་ལམ་ལ་ཉེན་ཁ་བཟོ་སྲིད་པའི་བྱེད་སྒོ་ཆེ་གྲས་ཁག་ཚང་མ་མེད་པར་བཟོ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས། ཧྥ་རན་སིའི་སྨྱན་བྱེད་ཀྱིས་རྒྱལ་ས་པཱ་ལིས་ཀྱི་བྱང་འདབས་སུ་གནས་པའི་ཧྥ་ལན་ཞི་ལུས་རྩལ་ཐང་དུ་འཚོགས་རྩིས་ཡོད་པའི་རོལ་དབྱངས་འདུ་ཚོགས་ཆེ་གྲས་དེ་མེད་པར་བཟོས་ཟིན་ཞེས་གནས་ཚུལ་སྤེལ།

ཚེས་སུམ་ཅུ་ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་པིས་ལིས་ཧྲི་རུ་འཚོག་བཞིན་པའི་ཡོ་རོབ་མནའ་འབྲེལ་གྱི་དབྱར་དུས་རྩེ་ཚོགས་སྟེང་ནས་ཁ་གྱེས་ཏེ་ཕྱིར་རྒྱལ་ས་པཱ་ལིས་སུ་འབྱོར་ནས། རྒྱལ་ཡོངས་ཀྱི་ཟིང་ཆའི་ཉམས་ཉེན་ལ་ཁ་གཏད་འཇལ་བའི་སྐོར་གྱི་ཚོགས་འདུར་མགོ་འཛིན་བྱས། མཱ་ཁི་ལུང་གིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། གཏུམ་སྤྱོད་ཀྱི་བསམ་སྦྱོར་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་དང་། མིག་སྔར་རྒྱལ་ཁབ་ཏུ་གནས་པའི་གནས་ཚུལ་འདི་དང་ལེན་བྱེད་ཐབས་བྲལ་བར་མ་ཟད། ཐབས་ཤེས་གང་ཡོད་བཏོན་ནས་རྒྱལ་ཁབ་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།