དུས་ཡུན་ཉིན་གཉིས་རིང་གི་ཡོ་རོབ་མནའ་འབྲེལ་གྱི་དབྱར་དུས་རྩེ་ཚོགས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་དངོས་སུ་གྲོལ། ཕོ་ལན་དང་ཧང་ག་རིས་མི་འཐད་པའི་རྣམ་འགྱུར་བསྟན་པའི་དབང་གིས། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མགོ་ཁྲིད་བར་རྩོད་གླེང་ཆེ་ཤོས་ལྡན་པའི། ཡུལ་སྤོར་ཡུལ་མའི་སྲིད་ཇུས་ཐད་ངོས་འཛིན་གཅིག་མཐུན་མ་བྱུང་།
ད་ཐེངས་ཀྱི་ཡོ་རོབ་མནའ་འབྲེལ་རྩེ་ཚོགས་ཀྱི་གྲོས་གཞི་རུ་ཝུའུ་ཁི་ལན་གྱི་གནས་བབ་དང་དཔལ་འབྱོར་གྱི་གནས་སྟངས། བདེ་འཇགས་དང་འགོག་སྲུང་ལས་དོན། ཕྱི་ཕྱོགས་སྲིད་ཇུས་སོགས་ཚུད་ཡོད་ཅིང་། གྲོས་གཞི་དེ་དག་ཡུལ་སྤོར་ཡུལ་མིའི་སྲིད་ཇུས་ནི་གནད་འགག་གལ་ཆེན་ཞིག་ཡིན། རྩེ་ཚོགས་གྲོལ་རྗེས་ཁྱབ་བསྒྲགས་བྱས་པའི་རྩེ་ཚོགས་ཀྱི་མཇུག་བསྡོམས་ཁྲོད་དུ། ཡུལ་སྤོར་ཡུལ་མིའི་སྐོར་གྱི་སྲིད་ཇུས་ཀྱི་དོན་ཚན་གླེང་མེད། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མིས་ཞེ་ཨར་གྱིས་ཚོགས་འདུ་གྲོལ་རྗེས་གསལ་བསྒྲགས་སྤེལ་ནས། ཕོ་ལན་དང་ཧང་ག་རིའི་ལངས་ཕྱོགས་ལ་དོ་སྣང་བྱས་ཡོད་ཅེས་བཤད། ཡུལ་སྤོར་ཡུལ་མིའི་གནད་དོན་ནི་ཡོ་རོབ་མནའ་འབྲེལ་ལ་འཕྲད་པའི་འགྲན་སློང་ཞིག་ཡིན་པས། ཡོ་རོབ་མནའ་འབྲེལ་གྱིས་ཡ་ལན་སྟེར་དགོས་ཀྱི་ཡོད།
ཟླ་དྲུག་པའི་ཟླ་འགོར། ཡོ་རོབ་མནའ་འབྲེལ་ཁོངས་མིའི་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་ཡི་པུའུ་ཀྲང་གིས་ཡོ་རོབ་མནའ་འབྲེལ་གྱི་ཡུལ་སྤོར་ཡུལ་མའི་འགེབས་སྲུང་གོ་རིམ་བཅོས་སྒྱུར་བྱེད་པའི་ཐད་དུ། “དམིགས་བསལ་གཏན་འཁེལ་བྱས་པའི་མང་ཕྱོགས”ཀྱི་རྣམ་པའི་སྟེང་ནས་གྲོས་མཐུན་བྱུང་བ་དང་། ཁོངས་མིའི་རྒྱལ་ཁབ་ཉེར་བདུན་གྱི་ཁྲོད་རྒྱལ་ཁབ་ཉེར་གཅིག་གིས་རྒྱབ་སྐྱོར་བྱས། གྲོས་མཐུན་གྱིས་འགེབས་སྲུང་རེ་ཞུའི་གོ་རིམ་སྔར་ལས་ཇེ་དམ་དུ་བཏང་བ་དང་ཆབས་ཅིག རེ་ཞུ་བྱེད་མཁན་གྱི་ཕྱིར་སྐྱེལ་ལས་དོན་ལ་སྟབས་བདེ་བསྐྲུན། ཁོངས་མིའི་རྒྱལ་ཁབ་ཀྱིས་ལོ་ལྟར་གྲངས་ཚད་ངེས་ཅན་གྱི་ཡུལ་སྤོར་ཡུལ་མི་དང་ལེན་བྱེད་པའམ་ཡང་ན་ཡུལ་སྤོར་ཡུལ་མི་རེར་ཡོ་སྒོར་ཁྲི་གཉིས་ཀྱི་དངུལ་གྲངས་ལ་བརྟེན་ནས་ཡོ་རོབ་མནའ་འབྲེལ་ལ་དངུལ་ཆད་འཇལ་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།