ཁེན་ནི་ཡའི་ནུབ་བྱང་རྒྱུད་དུ་རླངས་འཁོར་དོན་རྐྱེན་ཚབས་ཆེན་བྱུང་ནས་ཉུང་མཐར་ཡང་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར།
2023.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཁེན་ནི་ཡའི་ནུབ་བྱང་རྒྱུད་ཀྱི་ཁའེ་ལིས་ཆའོ་ཅུན་དུ། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་རླངས་འཁོར་དོན་རྐྱེན་ཚབས་ཆེན་བྱུང་ནས་ཉུང་མཐར་ཡང་མི་ཞེ་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་མང་པོར་རྨས་སྐྱོན་བཟོས།

ས་གནས་དེ་གའི་སྦྱན་བྱེད་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་དྲུག་དང་སྐར་མ་སུམ་ཅུའི་གཡས་གཡོན་དུ། ལྗིད་འདེགས་རླངས་འཁོར་ཞིག་ཁའེ་ལིས་ཆའོ་ཅུན་གྱི་ལུང་ཏིས་ཡ་ཉིས་གྲོང་རྡལ་ཉེ་འགྲམ་གྱི་མྱུར་བགྲོད་གཞུང་ལམ་སྟེང་ཚོད་འཛིན་མ་ཐུབ་པའི་དབང་གིས། རླངས་འཁོར་ཁ་ཤས་ལ་བརྡུངས་རྗེས་སླར་ཡང་ལམ་འགྲམ་གྱི་རྐང་ཐང་བ་དང་ཚོང་པའི་ཁྲོད་ཤོར། དངོས་སུ་མཐོང་མཁན་གྱིས་བཤད་པ་ལྟར་ན། ལྗིད་འདེགས་རླངས་འཁོར་གྱི་ཁ་ལོ་བས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་གཡོལ་ཆེད་ཁ་ཕྱོགས་སྒྱུར་སྐབས་མགྱོགས་དྲགས་པ་དང་ཤེད་བཀོལ་ཆེ་བའི་དབང་གིས་རླངས་འཁོར་ལ་ཚོད་འཛིན་བྱེད་མ་ཐུབ་ལ། ལྗིད་འདེགས་རླངས་འཁོར་དེས་་སྤྱི་སྤྱོད་རླངས་འཁོར་དང་མི་སྒེར་གྱི་རླངས་འཁོར། འཕྲུལ་རྟ་བཅས་གང་མང་ལ་བརྡུངས་ཡོད་ཟེར།

ཁེན་ནི་ཡའི་ལའེ་ཀུའུ་ས་ཁུལ་གྱི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་ཐང་མུའུ·ཨའོ་ཏི་ལའོ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། མིག་སྔར་རླངས་འཁོར་དོན་རྐྱེན་བྱུང་ས་རུ་མི་ཞེ་ལྔ་ཡི་བེམ་པོ་རྙེད་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ད་དུང་ཇེ་མང་དུ་འགྲོ་སྲིད་ཟེར། རོགས་སྐྱོབ་མི་སྣས་དོན་རྐྱེན་བྱུང་ཡུལ་དུ་རོགས་སྐྱོབ་བྱེད་ཀྱིན་ཡོད་ཅིང་། ལྗིད་འདེགས་རླངས་འཁོར་གྱི་ནང་དང་རླངས་འཁོར་གྱི་འོག་ཏུ་མི་ཁ་ཤས་ད་དུང་ཉེན་ཁའི་གནས་སུ་ལྷུང་ཡོད། དོན་རྐྱེན་བྱུང་སར་ཆར་པ་ཆེན་པོ་བབས་པའི་དབང་གིས། རོགས་སྐྱོབ་ལས་དོན་གྱི་འཕེལ་རིམ་ལ་དལ་འགོར་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།