ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཏཱ་ཨར་མཱ་ཉིང་གིས་ཟླ་བདུན་པའི་ཚེས་གཅིག་ཉིན་ཁྱབ་བསྒྲགས་བྱས་དོན། རྒྱལ་ཡོངས་སུ་ཉེན་རྟོག་པ་དང་ཚད་ལྡན་དམག་མི་ཁྲི་བཞི་དང་སྟོང་ལྔ་བདེ་སྲུང་བྱེད་པར་བཀོད་སྒྲིག་བྱས་ཡོད་ཟེར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཉིན་དེར་ཁྱབ་བསྒྲགས་བྱས་དོན། རྒྱལ་ནང་གི་གནས་བབ་ལ་དམིགས་ནས། ཚེས་གཉིས་ཉིན་ནས་བཟུང་འཇར་མན་དུ་རྒྱལ་དོན་འཚམས་འདྲི་བྱེད་རྒྱུའི་བྱ་བ་དེ་རྗེས་སུ་སྣུར་ཡོད་ཟེར།
ཏཱ་ཨར་མཱ་ཉིང་གིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ནང་སྲིད་པུའུ་ཡིས་མངའ་ཁོངས་ཧྲིལ་བོའི་དམག་ཤུགས་ལ་ཤུགས་སྣོན་བྱེད་པ་ལས་གཞན། ད་རུང་ཟིང་འཁྲུག་ཚབས་ཆེ་བའི་མཱ་སེ་དང་ལི་ཨང་གྲོང་ཁྱེར་གཉིས་ལ་དམིགས་བསལ་ཉེན་རྟོག་པ་དང་། ཁྲབ་ལྡན་འཁོར་ལོ། གྱེན་འཕུར་གནམ་གྲུ་སོགས་ཁྲིམས་བསྟར་སྟོབས་ཤུགས་ཁ་སྣོན་བྱས་ཡོད་ཟེར། ཁོས་བཤད་རྒྱུར། ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོ་ནས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཞོགས་པའི་བར་གྱི་ཟིང་འཁྲུག་ཁྲོད། ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ནས་མི་སྟོང་གཅིག་དང་སུམ་བརྒྱ་ལྷག་འཛིན་འཛིན་བཟུང་བྱས་པ་དང་། དེའི་ནང་རྒྱལ་ས་ཕཱ་རེ་སི་ནས་མི་བཞི་བརྒྱ་དང་དྲུག་འཛིན་བཟུང་བྱས། མིག་སྔར་འཛིན་བཟུང་བྱས་པའི་ཟིང་འཁྲུག་བཟོ་མཁན་གྱི་ཆ་སྙོམས་ལོ་ཚད་ལོ་བཅུ་བདུན་རེད། ཧྥ་རན་སིའི་ཁྲིམས་འཛིན་པུའུ་ཀྲང་མའོ་ལོས་ཏིས་ཀྱིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཟིང་འཁྲུག་བཟོ་མཁན་རེ་འགའ་ནི་ནར་སོན་མེད་པའི་མི་ཡིན་ལ། ཟིང་འཁྲུག་བཟོ་བའི་མི་ཚོགས་ན་གཞོན་ཅན་དུ་འགྱུར་བཞིན་པར་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད་ཟེར།
ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད། བཟོ་ལས། གྲངས་ལྡན་བཅས་ཀྱི་བདག་དབང་པུའུ་ཀྲང་ལེ་མཱེ་ཨར་གྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཁྲོམ་ར་དང་དུ་བའི་ཆེད་འཚོང་ཁང་། དངུལ་གསོག་ཁང་། མྱུར་ཟས་ཁང་སོགས་བརྒྱ་ཕྲག་འགར་ཟིང་འཁྲུག་གི་ཤུགས་རྐྱེན་ཐེབས་ཡོད། ཁོས་ཉེན་ཚབ་ཀུང་ཟིས་མྱུར་མོར་གནོད་ཐེབས་ཚོང་ཁང་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཁྱབ་བསྒྲགས་བྱས་དོན། རྒྱལ་ནང་གི་གནས་བབ་ལ་གཞིགས་ཏེ། ཙུང་ཐུང་མཱ་ཁི་ལུང་གིས་མ་འོངས་པའི་ཉིན་འགའི་ནང་ཧྥ་རན་སིར་སྡོད་རྒྱུའི་རེ་བ་ཡོད་པ་དང་། ཚེས་གཉིས་ཉིན་ནས་བཟུང་འཇར་མན་དུ་རྒྱལ་དུ་འཚམས་འདྲི་བྱེད་རྒྱུའི་ཆོད་དོན་དེ་རྗེས་སུ་སྣུར་ཡོད། འཇར་མན་གྱི་ཙུང་ཐུང་ཧྲི་ཐེ་ཡུན་མེད་ཨར་གྱིས་ཉིན་དེར་བཤད་རྒྱུར། མཱ་ཁི་ལུང་གིས་ཚེས་གཅིག་ཉིན་གྱི་སྔ་དྲོར་ཁོར་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ཐེངས་འདིའི་རྒྱལ་དོན་འཚམས་འདྲི་རྗེས་སུ་སྣུར་བར་འཐད་པ་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།