རྒྱ་གར་ནུབ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་ཉེར་ལྔ་རྐྱེན་ལམ་དུ་ཤོར།
2023.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་རྒྱ་གར་ནུབ་ཕྱོགས་ཀྱི་མཱ་ཧཱ་ལཱ་ཧྲི་ཁི་ལཱ་མངའ་སྡེའི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་ཆག་སྒོ་བྱུང་སྟེ། མི་ཉེར་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ས་དེའི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ་བྱུང་བ་དང་། དོན་རྐྱེན་བྱུང་ས་ནི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་མངའ་སྡེའི་པུའུ་ཨར་ཏཱ་ནཱ་ས་ཁུལ་རེད། སྐབས་ཐོག་དེར་འགྲུལ་སྐྱེལ་རླངས་འཁོར་དེའི་སྟེང་བསྡོམས་པས་མི་སོ་གསུམ་དྲུད་ཡོད། ས་དེའི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། མིག་སྔར་འདས་པོའི་བེམ་པོ་ཉེར་ལྔ་རྙེད་པ་དང་། རྨས་མ་དག་པུའུ་ཨར་ཏཱ་ནཱའི་སྨན་ཁང་ཞིག་ཏུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

རྒྱ་གར་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། རླངས་འཁོར་དེ་འགྲུལ་བཞུད་བྱེད་སྐབས་སྐྱ་བ་གས་ནས། རླངས་འཁོར་དེ་མྱུར་བགྲོད་གཞུང་ལམ་གྱི་བར་གཅོད་ལ་ཐོ་བརྒྱབ་རྗེས་ལོག་ནས་མེར་འབར་བ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།