པུ་ཁི་ནཱ་ཧྥ་སོའི་དམག་ཕྱོགས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གསལ་སྒྲོག་སྤེལ་ཏེ། གཟའ་འཁོར་འདིའི་ནང་རྒྱལ་ཁབ་དེའི་དབུས་བྱང་ཕྱོགས་དང་ནུབ་བྱང་ཕྱོགས་ཀྱི་ས་ཁུལ་ནས་ཡང་བསྐྱར་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་ནས། བསྡོམས་པས་དམག་མི་ཞེ་གཅིག་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཚེས་ཉེར་བདུན་ཉིན་དྲག་ཆས་དམག་དཔུང་ཞིག་ལ་ནུབ་བྱང་ཕྱོགས་ཀྱི་པུའུ་ཁི་ལའེ་ཏིས་མུའུ་ཧོང་ས་ཁུལ་ཆེན་མོའི་མུའུ་ཧོང་ཞིང་ཆེན་ནས་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་བྱས་ཏེ། དམག་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་དགུར་རྨས་ཕོག དམག་ཕྱོགས་ཀྱིས་འཇིགས་སྐུལ་ཉེས་ཅན་སུམ་ཅུ་ལྷག་བསད་པ་དང་། ཁོ་ཚོའི་མཚོན་ཆ་དང་རླངས་འཁོར་གཞུང་བཞེས་བྱས། སྔ་ཉིན་རྒྱལ་ཁབ་དེའི་དབུས་བྱང་ས་ཁུལ་ཆེན་མོའི་སིང་མཱ་ཐིན་ཅཱ་ཞིང་ཆེན་གྱི་དང་བླངས་དམག་གི་སྒར་ས་ཞིག་ལ་འཇིགས་སྐུལ་ཉེས་ཅན་གྱི་འཇབ་རྒོལ་ཐེབས། ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱེད་སྐབས། དང་བླངས་དམག་གིས་འཇིགས་སྐུལ་ཉེས་ཅན་ལྔ་བཅུ་ལྷག་བསད་པ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཀྱང་། དང་བླངས་དམག་མི་སོ་གསུམ་འཁྲུག་རྩོད་བྱེད་སྐབས་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཟའ་འཁོར་འདིའི་ཚུན་ལ། པུ་ཁི་ནཱ་ཧྥ་སོ་ནས་བསྟུད་མར་འཇབ་རྒོལ་དོན་རྐྱེན་ཐེངས་གསུམ་བྱུང་། དེའི་སྔོན་པུའུ་ཁི་ནཱ་ཧྥ་སོའི་སྲིད་གཞུང་གིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། སྐྱེལ་འདྲེན་དངོས་རྫས་དྲུད་པའི་རླངས་འཁོར་རུ་ཁག་ཅིག་ལ་རྒྱལ་ཁབ་དེའི་དབུས་བྱང་ས་ཁུལ་ཆེན་མོའི་པཱ་མུའུ་ཞིང་ཆེན་ནས་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སོ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལྷག་ལ་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།