བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་འགན་འཁྲི་མཇུག་སྒྲིལ་རྒྱུ་ཐག་བཅད།
2023.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

འདི་ནི་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་པར་བླངས་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཡུལ་དངོས་རེད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྲོས་མཐུན་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པར་དབང་ཆ་སྟེར་མཚམས་འཇོག་རྒྱུ་ཐག་བཅད་པར་མ་ཟད། དཔུང་ཁག་དེ་ལ་བཅོས་སྒྲིག་བྱས་ནས་ཕྱིར་འཐེན་བྱེད་པ་སོགས་ལ་བྱེ་བྲག་ཏུ་བཀོད་སྒྲིག་བྱས།

གྲོས་ཆོད་གཉིས་དྲུག་དགུ་ཐིག་ལྟར་ན། མཱ་ལིའི་གཏན་འཇགས་ཚོགས་པས་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་མཚམས་འཇོག་རྒྱུ་ཡིན་པ་དང་། ལས་འགན་སྤོར་བསྒྱུར་བྱེད་པ་དང་མི་སྣའི་གོ་རིམ་ལྡན་པའི་བདེ་འཇགས་སྒྲིག་འཛུགས་དང་ཕྱིར་འཐེན་སོགས་ཀྱི་བྱ་བ་སྤེལ་མགོ་རྩོམ་རྒྱུ་ཡིན་ལ། བྱ་བ་དེ་དག་ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་ཡོངས་འགྲུབ་བྱེད་པའི་འཆར་གཞི་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་གྲོས་ཆོད་བཀོད་དེ། མཱ་ལིའི་གཏན་འཇགས་ཚོགས་པ་འཛུགས་རྒྱུ་ཐག་བཅད་པ་དང་། མཱ་ལིའི་ཆབ་སྲིད་འཕེལ་རིམ་ཐད་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། བདེ་འཇགས་དང་གཏན་འཇགས་སྲུང་སྐྱོབ་བྱེད་པ་སོགས་ཀྱི་འབྲེལ་ཡོད་ལས་འགན་ཁུར་དུ་བཅུག་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མཱ་ལིའི་གཏན་འཇགས་ཚོགས་པར་དབང་ཆ་སྟེར་མཚམས་བཞག་པ་ནི་མཱ་ལིའི་སྲིད་གཞུང་གི་རེ་བ་ལྟར་བཏོན་པ་ཡིན་ཟེར། ཁོས་མཱ་ལིའི་སྲིད་གཞུང་གིས་མཱ་ལིའི་གཏན་འཇགས་ཚོགས་པ་ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་ཁྲོད་ཤུགས་ཆེན་པོས་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་བཏང་། ཞི་བདེ་སྲུང་སྐྱོབ་མི་སྣས་འགྲན་རྩོད་དང་དཀའ་སྡུག་ཆེ་བའི་ཁོར་ཡུག་འོག་ཚེགས་བརྩོན་འགྲུས་བཏོན་ནས་བྱས་རྗེས་བཞག་པར་བཀའ་དྲིན་ཞུས་པ་དང་། མཱ་ལིའི་གཏན་འཇགས་ཚོགས་པ་བཀོད་སྒྲིག་བྱས་ནས་ལོ་ངོ་བཅུ་འགོར་བའི་ནང་ཞི་བདེའི་ཆེད་དུ་རང་སྲོག་བློས་བཏང་བའི་མི་སྣས་མྱ་ངན་དང་གུས་འདུད་ཞུ་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ནས་བརྡས་གཅོད་བྱས་རྗེས་ཀྱི་འགྲེལ་བརྗོད་རང་བཞིན་གྱི་གཏམ་བཤད་ཁྲོད་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་མཱ་ལིའི་གཏན་འཇགས་ཚོགས་པའི་དམག་མིའི་མངག་གཏོང་རྒྱལ་ཁབ་དག་གིས་དུས་ཡུན་རིང་བོར་མཱ་ལིའི་ཞི་བདེའི་གྲོས་མཐུན་དངོས་འབེབས་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཱ་ལི་སོགས་ས་ཁུལ་གྱི་རྒྱལ་ཁབ་དག་གི་མདུན་དུ་ལྷགས་པའི་དོན་དངོས་དཀའ་ཁག་དང་དགོས་མཁོར་མཐོར་ཆེན་བྱས་ཏེ། དེར་འབྲེལ་རྒྱལ་ཁབ་ཀྱི་བདག་དབང་དང་གཙོ་ཁྲིད་དབང་ཆར་བརྩི་འཇོག་བྱས་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་རོགས་རམ་དང་རྒྱབ་སྐྱོར་བྱེད་པར་རེ་སྒུག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།