ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཟླ་བདུན་པའི་ཚེས་གཅིག་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་གནད་འཁེལ་མཚོན་ཆ་བེད་སྤྱད་དེ་ཝུའུ་ཁི་ལན་གྱི་བཀོད་འདོམ་ཁང་ཞིག་ལ་ཆམ་ཕབ་བཏང་ཡོད་ཟེར། ཨུ་རུ་སིའི་དམག་ཕྱོགས་ཀྱིས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་གཏོར་བརླག་ཚན་ཆུང་ཞིག་མྱུར་བསྐྱོད་གྲུ་གཟིངས་ཆུང་བ་གཉིས་ལ་བསྡད་དེ་ཨན་ཏུང་ནོའུ་ཧྥུའུ་སི་ཅི་ཟམ་པར་གཏོར་བརླག་གཏོང་རྩིས་བྱས་པ་ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཕམ་ཉེས་སུ་བཏང་ཡོད་ཟེར།
ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་པུའུ་ཡིས་ཚེས་གཅིག་ཉིན་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་དང་ཨུ་རུ་སིའི་དམག་དཔུང་གིས་པཱ་ཧི་མུའུ་ཐི་དང་། མཱ་ལིན་ཁཱ་སོགས་ཀྱི་ཕྱོགས་ནས་འཐབ་འཁྲུག་བྱས་ཡོད་ལ། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཨུ་རུ་སིའི་དམག་དཔུང་གི་འཕུར་མདའི་མ་ལག་དང་མཚོན་ཆ་དང་སྒྲིག་ཆས་གཅིག་འདུས་ས་ཁུལ་དུ་ཆམ་ཕབ་བཏང་ཟེར། ཝུའུ་ཁི་ལན་དམག་ཕྱོགས་ཀྱིས་ཟླ་བདུན་པའི་ཚེས་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་ཅི་ཧྥུའུ་ལ་འཇབ་རྒོལ་བྱས་པ་དང་། ཝུའུ་ཁི་ལན་གྱི་དམག་དཔུང་གི་མཁའ་སྲུང་མ་ལག་གིས་བཀག་འགོག་བྱས་ཡོད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་སྔོན་ཆད་ཀྱི་མཐོ་རིམ་བློ་འདོན་པ་མེད་ཀི་ལོས་ཀི་ཡིས་ཉེ་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དག་གི་བྱ་སྤྱོད་ལས་འཁྲུག་རྩོད་དེ་རྒྱུན་ཆད་མེད་པར་ཛ་དྲག་ཏུ་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།