ཟླ་བདུན་པའི་ཚེས་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཕ་ཡུལ་ཀྲུང་གོའི་ཡིན་པའི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་དབྱི་ཐཱ་ལེའི་རོ་མཱ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་འདེམ་ཤོག་འཕངས་པའི་མཇུག་འབྲས་ལ་སྒུག་བཞིན་པ།
ཟླ་བདུན་པའི་ཚེས་གཉིས་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འདེམ་བསྐོའི་བྱ་འགུལ་དེ་དབྱི་ཐཱ་ལེའི་རོ་མཱ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཚོགས་ཆེན་གྱི་སྐབས་ཞེ་གསུམ་པའི་གྲོས་ཚོགས་ཀྱིས་ཟླ་བདུན་པའི་ཚེས་གཉིས་ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྤྱི་ཁྱབ་ལས་འཛིན་པ་གསར་བ་འདེམ་བསྐོ་བྱེད་པའི་བྱ་འགུལ་སྤེལ་བ་དང་། ཀྲུང་གོ་ཕྱོགས་ཀྱི་འདེམ་སྒུག་པ། ད་ལྟའི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ལ་འདེམ་ཤོག་མང་ཆེ་བ་ཐོབ་ནས་བདེ་བླག་ངང་བསྟུད་འགན་ཁུར་བ་རེད།
ཆུས་ཏུང་ཡུས་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་དྲུག་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པར་བདམས་ནས། རྩ་འཛུགས་དེའི་ལོ་རྒྱུས་སྟེང་གི་ཕ་ཡུལ་ཀྲུང་གོ་ནས་ཡིན་པའི་སྤྱི་ཁྱབ་ལས་འཛིན་པ་ཐོག་མར་གྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་ཁུར་བའི་ཚུན་ལ། ཆུས་ཏུང་ཡུས་ཀྱིས་རྩ་འཛུགས་དེའི་སྣེ་ཁྲིད་དེ་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་འགྲན་རྩོད་ཐག་གཅོད་བྱས་པ་དང་། རྒྱལ་ཁབ་སོ་སོ་དང་ཁྱད་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གི་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་ཐད་རམ་འདེགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མང་བོའི་ཁས་ལེན་ཐོབ་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ནི་གཅིག་སྟོང་དགུ་བརྒྱ་ཞེ་ལྔ་ལོར་བཙུགས་པ་དང་། སྤྱི་ཁྱབ་པུའུ་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་རུ་བཙུགས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་འབྲུ་རིགས་དང་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་གཙོ་འགན་ཁུར་བའི་ཆེད་ལས་ལས་ཁུངས་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་འབྲུ་རིགས་དང་ཞིང་ལས་ཀྱི་སྲིད་ཇུས་བརྗེ་རེས་དང་ཚད་གཞིའི་གཏན་འབེབས། ཆ་འཕྲིན་བསྡོམས་རྩིས་སོགས་ཀྱི་ཐད་ཤུགས་རྐྱེན་གལ་ཆེན་ལྡན།
བསོད་ནམས་ཚེ་རིང་གིས་བསྒྱུར།