ཧྥ་རན་སིའི་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་གྱི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། ཉེན་རྟོག་ཕྱོགས་ཀྱིས་ཟླ་བདུན་པའི་ཚེས་གཅིག་ཉིན་གྱི་དགོང་མོ་ནས་ཚེས་གཉིས་ཉིན་གྱི་ཞོགས་པའི་བར་གྱི་ཟིང་འཁྲུག་ཁྲོད་མི་བདུན་བརྒྱ་དང་བཅུ་དགུ་འཛིན་བཟུང་བྱས་པ་དང་། དྲག་ཤུགས་དོན་རྐྱེན་གྱི་དྲག་ཚད་ཇེ་དམའ་རུ་འགྲོ་བཞིན་ཡོད་ཟེར།
ཧྥ་རན་སིའི་ནང་སྲིད་པུའུ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཉེན་རྟོག་ཕྱོགས་ཀྱིས་སྔ་དགོང་མོར་རྒྱལ་ཡོངས་སུ་ཉེན་རྟོག་པ་དང་ཚད་ལྡན་དམག་མི་ཁྲི་བཞི་དང་སྟོང་ལྔ་བཀོད་སྒྲིག་བྱས་ནས་ས་ཁུལ་སོ་སོའི་ཟིང་འཁྲུག་དོན་རྐྱེན་ཐག་གཅོད་བྱེད་དུ་བཅུག ཉེན་རྟོག་པ་དང་ཚད་ལྡན་དམག་མི་ཞེ་ལྔར་བདེ་སྲུང་ཁྲོད་རྨས་ཕོག་པ་དང་། རླངས་འཁོར་ལྔ་བརྒྱ་དང་དོན་བདུན་དང་ཁང་བ་དོན་བཞི་ཟིང་འཁྲུག་ཁྲོད་མེར་བསྲེག་པ་རེད། ཡིན་ཡང་སྔ་དགོང་འགའི་ཟིང་འཁྲུག་དང་བསྡུར་ན། དྲག་ཤུགས་དོན་རྐྱེན་གྱི་དྲག་ཚད་ཇེ་དམའ་རུ་སོང་ཡོད་ཟེར།
ཧྥ་རན་སིའི་ཙུང་ལི་པའོ་ཨར་ནེ་ཡིས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། པུའུ་ལན་ཁྱིམ་ཚང་གིས་བཟོད་སྒོམ་བྱེད་ཐབས་བྲལ་བའི་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། གནོད་ཐེབས་མཁན་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཧྥ་རན་སིའི་ནང་སྲིད་པུའུ་ཡི་པུའུ་ཀྲང་ཏཱ་ཨར་མཱ་ཉིང་གིས་བསྟན་དོན། ཉེན་རྟོག་པ་དང་ཁྲིམས་འཛིན་སྟོབས་ཤུགས་མངག་ནས་ལྐོག་གསོད་ལེགས་འགྲུབ་མ་བྱུང་བའི་ཉེས་མིང་གིས་དོན་དེར་རྟོག་ཞིབ་བྱེད་དུ་བཅུག་ཡོད་པ་དང་། ལག་དམར་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཟེར།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གཉིས་ཉིན་གྱི་དགོང་མོར་ཙུང་ཐུང་གི་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་ཙུང་ལི་དང་། ནང་སྲིད་པུའུ་ཀྲང་སོགས་དཔོན་རིགས་དང་མཉམ་དུ་གྲོས་ཚོགས་བསྡུས་ནས། གནས་བབ་དེའི་སྣང་ཚུལ་གསར་བར་ཞིབ་འཇུག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།